གསར་འགྱུར།
རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་༦པ་དབུ་འཛུགས།
ཕྱི་ལོ་༢༠༡༢-༥-༢༥ ནས་༢༧ བར་ཚོགས་རྒྱུ།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༥ཚེས་༢༥ཉིན། དེ་རིང་དྷ་རམ་ས་ལར་བོད་ཀྱི་གཞོན་ནུའི་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་༦པ་དབུ་འཛུགས་གནང་ཡོད་པ་དང༌། ཐེངས་འདིར་ཚོགས་པའི་སྐབས་༦པའི་དབུས་སྤྱི་ཁྱབ་རྒྱུན་ལས་འོས་འདེམས་གནང་རྒྱུ་རེད་འདུག
དེ་རིང་ཚོགས་འདུ་དབུ་འབྱེད་མཛད་སྒོ་ཐོག སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང༌། བོད་ཀྱི་དབུས་གཞོན་ནུའི་ཚོགས་གཙོ་ལས་ཚབ་སྤེན་པ་ཚེ་རིང་ལགས། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང༌། སྤྱི་ཟུར་ཟླ་བ་ཕུན་སྐྱིད་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དབུས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ས་གནས་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་མི་སྐུ་ཚབ་བཅས་ཁྱོན་མི་གྲངས་༥༠ལྷག་ཙམ་འདུ་འཛོམས་བྱས་ཡོད།
ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་གཞུང་འདི་ཆབ་སྲིད་ཚོགས་པའི་ལམ་ལུགས་ལྡན་པ་དང༌། གྲོས་ཚོགས་གོང་འོག་ཡོད་པ་ཞིག་བཟོ་རྒྱུ་དེ་ཡིན་ན། དམིགས་ཚད་འདི་ནི་༧གོང་ས་མཆོག་གི་དགོངས་གཞི་ཡང་དག་པ་དེའང་ཡིན་ངེས་མོད། ད་བར་འདི་འདྲའི་ལམ་ལུགས་ཤིགས་འཛུགས་མ་ཐུབ་པ་ནི་ཕྱི་རྐྱེན་ལས་ཀྱང་ནང་རྐྱེན་རང་ཡིན་པ་གང་ཞིག་ལ། དེ་ཡང་གཞི་རིམ་མང་ཚོགས་ཀྱི་ངོས་ནས་བཀག་འགོ་བྱུང་བ་ཞིག་མ་ཡིན་པར། ལས་ཀྱི་སྣེ་མོར་གཏོགས་པའི་མཐོ་རིམ་འགོ་ཁྲིད་རེ་གཉིས་ཤིག་གིས་བྱེད་བབ་ལ་རག་ལུས་པར་འདོད། དཔེར་ན། ཕྱི་ལོ་༢༠༠༨ལོར་འདི་གའི་ཆོགས་ཆེན་སྐབས་ལྔ་པའི་ཚོགས་མགོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གདན་ཞུས་ཀྱིས་གཏམ་བཤད་སྤེལ་བཅུག་པར། ཁོང་གིས་ཚོགས་ཐོག་ནས་ཚོགས་པའི་འབྱུང་འགྱུར་གྱི་ལས་དོན་སྤེལ་ཕྱོགས་ལ་ཤ་ཚའི་ལམ་སྟོན་གནང་རྒྱུའི་ཚབ་ལ། ཚོགས་པ་འདིས་མ་ཐུས་མ་བྱུང་ཚུལ་གསུང་ནས་འགོ་ལས་རེ་གཉིས་ཙམ་མ་ཡིན་པར་ཚོགས་པ་འབུར་འཇོམས་བྱས་པ་དང༌། དེ་བཞིན་ཁ་སྔོན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཕུང་བཞུགས་འབུལ་མཛད་སྒོའི་ཐོག ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་ཁྲོད་ཀྱི་ཡོངས་གྲགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གྲངས་འདྲེན་བྱེད་སྐབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་མིང་ཙམ་ཡང་མ་གླེང་བ་ནི་བརྡ་ལན་གསལ་པོ་ཞིག་རེད་ཅེས་གསུངས་སོང༌།
དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ལས་ཚབ་སྤེན་པ་ཚེ་རིང་ལགས་ཀྱིས། ཐེངས་འདིར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འབྱུང་འགྱུར་ལོ་༤རིང་གི་ལས་དོན་བྱེད་ཕྱོགས་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན་དུས། བགྲོ་གླེང་ལྷུག་པོ་ཡོང་ཡ་དང༌། གཙོ་བོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ཉིད་བོད་གཞུང་གིས་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་ངོས་འཛིན་གནང་ཐབས་ལ་འབད་དགོས་པ་དེ་གལ་ཆེན་པོ་རེད། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་བྱང་ཤར་རྡོར་གླིང་དུ་འགན་འཛིན་ལྷན་ཚོགས་ཐེངས་ཞེ་གཉིས་པ་ཚོགས་པའི་སྐབས་སུ་གྲོས་གཞི་ཨང་གཉིས་པའི་ནང་༼བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་གཞོན་ལྷན་གྱིས་གསར་འཛུགས་གནང་བའི་ཆབ་སྲིད་ཚོགས་པ་ཞིག་ཡིན་སྟབས་ད་ལྟའི་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་རྣམས་དུས་ཡུན་རྫོགས་མཚམས་དབུས་རྒྱུན་གསར་འདེམས་སྐབས་མ་མཐར་ཡང་ས་གཞོན་རྒྱུན་ལས་གནང་ཟིན་པ་ཞིག་དགོས་རྒྱུ་ཞེས་གྲོས་ཆོད་བཞག་ཡོད་༽སྟབས་དེ་བཞིན་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང༌།
སྐུ་མགྲོན་གཙོ་བོ་ཀིརྟི་རིན་པོ་ཆེ་མཆོག་གིས། ཚོགས་པ་ཡོད་པ་ཙམ་མ་ཡིན་པ། ཡོད་པ་དེ་ཡང་ཚགས་ཚུད་པོ་དང་ནུས་ཤུགས་ལྡན་པ་ཞིག་དང་ཚོགས་པ་རྒྱ་སྐྱེད་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་རེད། ཚོགས་པ་རྒྱ་སྐྱེད་བྱེད་པར་ཚོགས་མི་དགོས་ཀྱི་ཡོད་པ་རེད། ཚོགས་པ་ཞིག་ཡིན་ན་ཚོགས་མི་ག་ཚོད་མང་བ་ཡོད་ན་དེ་ཚོད་ཀྱིས་ནུས་ཤུགས་ཆེ་རུ་འགྲོ་ངེས་རེད།སྤྱིར་ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་མང་པོ་ཞིག་ཡོད་པ་རེད། ཚོགས་པ་ཚང་མར་དམིགས་བསལ་གྱི་ཁྱད་ཆོས་རེ་དགོས་ཀྱི་ཡོད་པ་རེད། དཔེར་ན། རྒྱ་གར་ནང་ཆབ་སྲིད་ཀྱི་ཚོགས་པ་མང་པོ་ཞིག་ཡོད་པ་རེད། ཚོགས་པ་ཚང་མར་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད་དུས་ཚོགས་པ་དེར་དམིགས་བསལ་གྱི་ཁྱད་ཆོས་ཤིག་མཐོང་ནས་ཚོགས་མིར་ཞུགས་ཀྱི་ཡོད་པ་རེད། རྒྱ་ཡོངས་མང་གཙོ་ཚོགས་པ་འདི་ཡང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་དང༌། ཚོགས་པ་འདི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་ངོས་ལེན་དགོས་ཞེས་ཁ་ནས་བཤད་པ་ཙམ་མ་ཡིན་པར། སྤྱི་ཚོགས་དང་དེ་བཞིན་གྲོས་ཚོགས་ནང་ལའང་ཤུགས་རྐྱེན་ཐེབས་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད།
ཐོག་མར་བོད་གཞུང་གིས་ངོས་ལེན་ཡོང་བ་ཞིག་དང༌། དེ་བཞིན་རྒྱ་གར་གཞུང་དང་རིམ་པར་ཕྱི་རྒྱལ་གྱི་མི་སྣ་དེ་འདྲ་དང་མཇལ་འཕྲད་གནང་ཐུབ་པའི་འབད་བརྩོན་བྱེད་དགོས་ཞེས་གསུངས་སོང༌།
ཐེངས་འདིར་ཁྱོན་ཉིན་གྲངས་༣རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང༌། ས་གནས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་གསེང་ཞུ་རྒྱུ་དང༌། འགན་འཛིན་ལྷན་ཚོགས་ཐེངས་༤པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་ལྟར་མ་འོངས་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་འདི་ཉིད་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་གཞུང་ཕྱོགས་ནས་ངོས་འཛིན་གནང་ཐབས་ཇི་དགེའི་སྐོར།
དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཚོ་ཚོགས་པའི་དམིགས་ཡུལ་ལྟར་བོད་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་སླད་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་གྲོས་སྡུར་གནང་རྒྱུ་རེད་འདུག
ཚོགས་ཆེན་ཐེངས་༦པའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་དང་དེ་བཞིན་ས་གནས་ཁག་ནས་ཚོགས་གཙོ་དང་ཚོགས་པའི་སྐུ་ཚབ་བཅས་ཁྱོན་མི་གྲངས་༣༠ཙམ་ཚོགས་འདུར་ཆེད་བཅར་གནང་འདུག་ལ། ཚོགས་འདུ་ཉིན་མཐའ་མར་སྐབས་དྲུག་པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་པ་འོས་འདེམས་གནང་རྒྱུ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།