དེ་རིང་ལྷ་སར་བོད་མིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་སྤེལ་འདུག
དེ་རིང་བོད་ལྷ་ས་ནས་འབྱོར་བའི་གནས་ཚུལ་ལྟར་ན། དེ་རིང་ཉིན་རྒྱབ་ལྷ་ས་ནས་བོད་མི་གཞོན་སྐྱེས་གསུམ་གྱིས་སྐད་འབོད་བྱས་འདུག་པ་དང་། གཅིག་གིས་རང་ལུས་མེ་བསྲེགས་བཏང་ཡོད་འདུག གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་རང་ལུས་མེར་བསྲེགས་གཏོང་མཁན་ན་གཞོན་ཕོ་གསར་ཞིག་ཡིན་འདུག་པ་དང་། མེ་རླབས་ཆེན་པོས་ཚིགས་ནས་འདས་གྲོངས་སོང་པའི་ཚོད་དཔག་བྱེད་ཀྱི་འདུག མེར་བསྲེག་གནས་ཚུལ་ལྷག་མ་ཐག་ཉེན་རྟོག་པ་དང་དམག་མི། ཉེན་སྐྱོབས་རླངས་འཁོར་སོགས་སླེབས་ཡོད་འདུག་པ་དང་། གཞན་སྐད་འབོད་བྱེད་མཁན་ཕོ་གསར་གཉིས་ཀྱང་འཛིན་བཟུང་བྱས་འདུག
དེ་རྗེས་སུ་ད་དུང་སྐད་འབོད་བྱེད་མཁན་ཡང་བྱུང་ཡོད་པའི་གནས་ཚུལ་བྱུང་འདུག་པ་དང་ད་ལྟར་ལྷ་སའི་ནང་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག རང་ལུས་མེ་བསྲེགས་གཏོང་མཁན་ཕོ་གསར་དང་སྐད་འབོད་བྱེད་མཁན་དེ་ཚོ་ས་ཕྱོགས་གང་ནས་ཡིན་མིན་དང་། འབོད་སྒྲ་ཅི་ཞིག་བསྒྲགས་ཡོད་མེད། ལྷ་སའི་ས་ཚུགས་གང་ཞིག་ཏུ་ཚུལ་ཇི་ལྟར་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱེད་རྒྱུ་མེད་ན་ཡང་། གནས་ཚུལ་བྱུང་ཡོད་པ་ཁུངས་དག་ཡིན་ཟེར།