ལྷ་སར་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

ཟླ་འདིའི་ཚེས་ ༢༧ ཉི་བོད་ལྷ་ས་ནས་འབྱོར་བའི་གནས་ཚུལ་ལྟར་ན། དེ་རིང་ཉིན་རྒྱབ་ལྷ་ས་ནས་བོད་མི་གཞོན་སྐྱེས་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང་། བོད་མི་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་ཡོད་འདུག

གཅིག་གི་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་གྱི་ཡོད་པ་དང་། ཕ་ཡུལ་ཨ་མདོ་འབོ་ར་ནས་ཡིན་པའི་གནས་ཚུལ་ཡང་འདུག གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་རང་ལུས་མེར་བསྲེག་གཏོང་མཁན་ན་གཞོན་ཕོ་གསར་ཞིག་ཡིན་འདུག་པ་དང་། མེ་རླབས་ཆེན་པོས་ཚིགས་ནས་འདས་གྲོངས་སོང་པའི་ཚོད་དཔག་བྱེད་ཀྱི་འདུག མེར་བསྲེག་དོན་རྐྱེན་བྱུང་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མི། ཉེན་སྐྱོབ་རླངས་འཁོར་སོགས་སླེབས་ཡོད་པ་དང་། གཞན་སྐད་འབོད་བྱེད་མཁན་ཕོ་གསར་གཉིས་ཀྱང་འཛིན་བཟུང་བྱས་འདུག དེ་རྗེས་སུ་ད་དུང་སྐད་འབོད་བྱེད་མཁན་ཡང་བྱུང་ཡོད་པའི་གནས་ཚུལ་བྱུང་འདུག་པ་དང་ད་ལྟར་ལྷ་སའི་ནང་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག རང་ལུས་མེར་བསྲེག་གཏོང་མཁན་ཕོ་གསར་དང་སྐད་འབོད་བྱེད་མཁན་དེ་ཚོ་ས་ཕྱོགས་གང་ནས་ཡིན་མིན་དང་། ལྷ་སའི་ས་ཚུགས་གང་ཞིག་ཏུ་ཚུལ་ཇི་ལྟར་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་ཞིབ་ཕྲ་ད་དུང་ཤེས་རྟོགས་བྱུང་མེད་པ་རེད།

ཡང་ཁག་ཅིག་གིས་བརྗོད་ན་མེར་བསྲེག་གཏོང་མཁན་གཉིས་བྱུང་ཡོད་པ་དང་། དེ་ཡང་གྲྭ་པ་ཡིན་ཚོད་འདུག  མེར་བསྲེག་གི་དོན་རྐྱེན་བྱུང་བ་དངོས་ཡོད་གནས་ཚུལ་ཡིན་པ་ཙམ་ལས་ཞིབ་ཕྲ་ཤེས་རྟོགས་ཐུབ་མ་སོང་།།

མེ་སོར་གསར་འགོད་པས།