ལྷ་སར་རང་ལུས་མེར་སྲེག་གི་སྐོར་གནས་ཚུལ་ཁུངས་ལྡན་འབྱོར་སོང་།

ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༧  ཉིན་ལྷ་སའི་ཇོ་ཁང་གི་མདུན་དུ་བོད་ནང་གི་ཚོུད་ ༢ ཙམ་གྱི་ནང་། ཀན་ལྷོ་ཁུལ་བསང་ཆུ་རྫོང་། འབོ་ར་ཞིང་སྐྱ་དེའུ་ཁོག་རུ་ཁག་གི་ཁོངས་སུ་གཏོགས་པའི་ཕ་བན་དེ་མཁར་དང་། མ་སྒྲོལ་དཀར་སྐྱིད་གཉིས་ལ་བུ་ཕྲུག་གསུམ་ཡོད་པའི་ཆུང་བ་རྡོ་རྗེ་ཚེ་བརྟན་རང་ལོ་ ༡༩ ཡིན་པ་ཁོང་དང་། ཁོང་གི་གྲོགས་པོ་ཨ་མདོ་རྔ་པ་ནས་ཡིན་པ་དར་རྒྱས་རང་ལོ་ ༢༥ ཅན་གཉིས་ཀྱིས། ཇོ་ཁང་གཡོན་ངོས་ཀྱི་སྟག་གཤམ་མགྲོན་ཁང་ནས་ཁང་མིག་གཅིག་བླངས་ཏེ། དེར་རང་ལུས་མེར་སྲེག་གི་གྲ་སྒྲིག་བྱས་པ་དང་། ལྷ་སའི་ཚོུད་ ༢ ཐོག་མི་ཚོགས་ཤིན་ཏུ་ཆེ་བའི་ཇོ་ཁང་གི་མདུན་དུ་ཀི་རིང་གསུམ་བཏབ་སྟེ་ལུས་ལ་མེ་སྒྲོན་ཡོད་འདུག སྐབས་དེར་མི་ཚོགས་ཆེ་བ་དང་མེ་འབར་ཤུགས་ཆེ་བའི་རྐྱེན་གྱིས་འབོད་ཚིག་གསལ་པོ་དེ་ཙམ་གཡས་གཡོན་གྱི་མི་ཚོས་གོ་ཐོས་ཐུབ་མི་འདུག་ཀྱང་་་་་་་་་།

དེ་ནས་གཅིག་ཇོ་ཁང་མདུན་གྱི་དར་ཆེན་འཁྲིས་བར་མེ་འབར་བཞིན་པའི་ཁྲོད་སྐད་འབོད་དང་བཅས་རྒྱུགས་ཡོད་འདུག་པ་དང་། གཅིག་གོམ་པ་བཅུ་ལྷག་རྒྱུགས་ནས་ས་ལ་འགྱེལ་མ་ཐག དེར་རྒྱུན་ལྡན་ནས་ཡོད་བསྡད་པའི་དམར་དམག་གིས་འཁྱེར་ཡོད་འདུག དངོས་སུ་མཐོང་མཁན་ཚོས་ཇོ་ཁང་གི་མདུན་དུ་རྒྱུགས་ཡོང་མཁན་དེ་གྲོངས་ཡོད་ཚོད་འདུག་ཅེས་བརྗོད་བ་ལྟར། ཟླ་འདིའི་ཚེས་ ༢༨ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་རྡོ་རྗེ་ཚེ་བརྟན་གྲོངས་ཟིན་པ་དང། དར་རྒྱས་ད་དུང་གྲོངས་མེད་ཅེས་ངོས་ལེན་གྱི་ཁྱབ་བསྒྲགས་བྱས་ཡོད་ལ། དེ་བཞིན་བྷི་བྷི་སིའི་བརྒྱུད་ལམ་ཁག་ཏུའང་དེ་བཞིན་ཁྱབ་བསྒྲགས་བྱས་སོང་བས།  རྒྱལ་ཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་གྲོངས་ཡོད་འདུག

རྒྱལ་ཅེས་དཔའ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ས་གནས་འབོ་ར་སློབ་ཆུང་འགྲིམས་མྱོང་བ་དང་། དེ་རྗེས་ལྷ་ས་སོང་ནས་ཁྲོམ་གཟིགས་སྒང་གི་ཉི་མ་གླིང་ཟེར་བའི་བོད་པའི་ཟ་ཁང་ཞིག་ཏུ་མ་བྱན་གྱི་ལས་ཀ་བྱས་པ་དང་། སྔ་ལོར་ཕ་ཡུལ་དུ་སོང་དེ་ལོ་འདིའི་འགོར་ཕྱིར་ལྷ་སར་ཡོང་ནས་ལས་ཀ་རང་འཇགས་གཉེར་ཡོད་པ་དང་། ཁོང་མི་གཤིས་ཀ་འཇམ་པོ་དང་ཉམ་ཆུང་ཞིག་རེད་ཅེས་འབྲེལ་ཡོད་ཚོས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གི་ལས་འགུལ་སྤེལ་རོགས་དར་རྒྱས་ལགས། ཟ་ཁང་དེའི་ནང་གི་དངུལ་ལེན་མཁན་ཡིན་པ་དང་། ད་ལྟའི་སྐབས་ཟ་ཁང་དེའི་སྦྱིན་བདག་དང་འབྲེལ་ཡོད་ཚོ་རྒྱ་གཞུང་གིས་བཙན་འཁྲིད་དང་བཀག་ཉར་བྱས་ཡོད་པས། རྔ་བ་ནས་ཡིན་པ་དར་རྒྱས་ལགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བས། རིམ་གྱིས་གནས་ཚུལ་གསལ་པོ་ཆགས་རིམ་བཞིན་འགོད་རྒྱུ་ཡིན། གང་ལྟར་འབོ་ར་ནས་ཡིན་པ་རྡོ་རྗེ་ཚེ་བརྟན་གྲོངས་ངེས་གཏན་ཡིན་ཟེར་ན་ཆོག

ཕྱི་ལོ་ ༢༠༠༩ ནས་འགོ་འཛུགས་ཀྱི་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ ༣༧ བྱུང་ཡོད་པ་དང་དེའི་ནང་ནས་ ༢༨ འདས་གྲོངས་སུ་གྱུར་ཡོད། མདོ་སྟོད་སྨད་གཉིས་ནང་རང་ལུས་མེར་སྲེག་གི་ལས་འགུལ་རིམ་སྤེལ་བྱུང་བ་དང་། ད་ལྟའི་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་ཁྱབ་བཞིན་ཡོད། བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་སྲེག་ཡོང་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་ཅིང་། ཇི་སྲིད་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་ན། དེ་སྲིད་དུ་བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་སྣ་ཚོགས་སྤེལ་སྲིད་པས། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས།