དགའ་ལྡན་ཁྲི་མ་ཟེར་བ་ཞིག་ཀྱང་ཡོང་སྲིད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༧  ཕྱི་ལོ་ ༢༠༡༢/༥/༢༣
ད་ལྟའི་དུས་འདིར་སྤྱིར་ནང་པ་སངས་རྒྱས་ཀྱི་བསྟན་པ་དང་ཡང་དགོས་ཐེག་པ་ཆེན་པོའི་བསྟན་པ་དར་བའི་རྩེ་མོར་སོན་པའམ། ཡང་ན་རྒུད་པའི་མཐའ་མར་ཐུག་པའི་ཚད་དུ་སླེབས་པ་ཡིན་མི་དཀྱུས་མ་ཞིག་ལ་མཚོན་ན་བརྗོད་མི་ཤེས་པ་ཞིག་ཏུ་གྱུར་ཡོད།

བོད་ཕྱི་ནང་གཉིས་སུ་གྲྭ་བཙུན་གྱི་གྲངས་འབོར་ཧ་ཅང་མང་བ་དང། དགོན་སྡེ་དང། ལྷ་ཁང། ཆོས་ཚོགས་བཅས་ཀྱི་གྲངས་ཀ་སྔར་ལས་འཕར་བཞིན་པ་ཙམ་དུ་མ་ཟད། ནང་ཆོས་དར་མ་མྱོང་བའི་ས་ཆ་མང་པོ་ཞིག་ཏུ་ནང་པའི་བསྟན་པ་དར་ནས་ཆོས་ཚོགས་དང། དགོན་པ་དར་བཞིན་ཡོད་ལ་གྲྭ་བཙུན་གྱི་སྡེ་ཡང་དར་རྒྱས་སུ་འགྲོ་བཞིན་ཡོད། དེར་བརྟེན་དར་བའི་རྩེ་མོར་སོན་པ་མིན་ནམ་བསམ་པའི་ལྟ་ཚུལ་དེ་སླེབས་ཡོང་བ་ཞིག་རེད།

ད་ལྟའི་དུས་འདིར་ཁྲ་ཁྲ་ཟིང་ཟིང་ཧ་ཅང་དར་ཁྱབ་ཆེ་བ་དང། ཕྱིའི་སྤྱོད་པའི་ཐོག་ནས་ཆོས་དང་མི་མཐུན་པའི་བྱ་བ་བྱེད་མཁན་སེར་སྐྱ་གཉིས་ཀྱི་ནང་དུ་མང་པོ་མཐོང་རྒྱུ་ཡོད་པ་དང། བོད་པའི་སྤྱི་ཚོགས་ནང་དད་པ་ཞེས་པ་དེ་ཡང་བེད་མེད་ཀྱི་བཅའ་ལག་རྙིང་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད། སྤྱིར་རྒྱུ་མཚན་ལ་བརྟག་དཔྱད་བྱས་ནས་གནས་ལུགས་མཐོང་དགོས་ཀྱང། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གནས་ལུགས་ལ་བརྟག་དཔྱད་མེད་པར། ནང་པའི་ཆོས་དེ་དགོས་མེད་མཁོ་མེད་དུ་བརྩི་བའི་བསམ་ཚུལ་ཡོད་མཁན་ཆོས་གཟུགས་འཛིན་པའི་ནང་དུའང་མང་པོ་མཐོང་རྒྱུ་ཡོད་པས། རྒུད་པའི་མཐའ་མར་ཐུག་པ་མིན་ནམ་བསམ་པའི་ལྟ་ཚུལ་དེ་ཡང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་རེད།

ད་ལྟའི་དུས་འདིར་བོད་པའི་སྤྱི་ཚོགས་ནང་བཙུན་མའི་སྡེ་ཧ་ཅང་དར་རྒྱས་ཆེན་པོ་ཡོད་པ་དང། ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མཁན་ཡང་མང་པོ་བྱུང་ཡོད་པ་རེད། དེ་དག་ལ་བསླབ་པ་མཐར་སོན་པའི་ཕྱག་ཁྱེར་རམ་མཚན་གནས་ཤིག་ངེས་པར་དུ་དགོས་པ་ཞིག་ད་ལྟའི་དུས་བབས་ཀྱི་ཆ་ནས་ཡིན་ཡང། དེ་དག་ཚང་མ་ནུབ་ཕྱོགས་པའི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་ཐག་གཅོད་དང་བསྟུན་མཁས་བྱེད་དགོས་པ་ཞིག་ཡིན་མིན་ཡང་བཤད་ཚོད་ཐིག་དཀའ་བ་ཞིག་རེད། ལྟ་ཚུལ་འདི་དག་ནུབ་ཕྱོགས་པ་རེ་ཟུང་གིས་སྤྱིར་ཨེ་ཤི་ཡ་དང། ཡང་དགོས་ནང་པའི་ཆོས་ལུགས་ནང་ཕོ་མཆོག་མོ་དམན་གྱི་དབྱེ་འབྱེད་ཤུགས་ཆེ་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད།

རེ་ཟུང་གིས་ནང་པའི་སྟོན་པ་དྲང་བདེན་མ་ཡིན་པ་དང། དགེ་སློང་ལ་ཁྲིམས་༢༥༣ ལས་མེད་ཀྱང། དགེ་སློང་མ་རྣམས་ལ་༣༦༤ ཡོད་པ་དེ་དྲང་བདེན་བྱུང་མེད་པར། ཕོ་མཆོག་མོ་དམན་གྱི་བསམ་བློའི་རྒྱབ་ལྗོངས་ཤིག་གི་ཐོག་ནས་སླེབས་ཡོད་ཚུལ་གླེང་མཁན་ཡོད་པ་དེ་དག་དོན་དངོས་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་མ་མྱོང་བ་ཞིག་དང། ནང་པའི་ཆོས་དེ་ཡང་སློབ་གྲྭའི་ནང་གི་སློབ་ཚན་དཀྱུས་མ་བཞིན་དུ་ངོས་འཛིན་བྱེད་མཁན་ཞིག་གིས་དེ་ལྟར་མཐོང་སྲིད་པ་ཞིག་རེད། འོན་ཀྱང་དད་པ་དམ་ཚིག་གིས་སྣེ་དྲངས། གཞུང་ལུགས་ལ་སྦྱང་བརྩོན་བྱེད་མྱོང་མཁན་ཞིག་ཡིན་ན་གནད་དོན་དེ་ལ་ལྟ་སྟངས་མི་འདྲ་བ་ཞིག་སླེབས་ཐུབ་པ་དེ་ཡང་དངོས་ཡོད་རེད།

དགེ་བཤེས་མའི་ཕྱག་ཁྱེར་དང་མཚན་གནས་དགོས་པའི་ལྟ་ཚུལ་དེ་དག་ཐོབ་ཐང་རྩོད་ལེན་གྱི་ངོ་བོའི་ཐོག་ནས་སླེབས་ཡོང་ན་ཆོས་དང་འཚམས་པ་ཞིག་ཡིན་མིན་དང། གལ་སྲིད་བཙུན་མ་མིང་དོན་མཚུངས་པ་རྣམས་ལ་དགེ་བཤེས་མའི་མཚན་གནས་ཤིག་ཕུལ་བ་ཙམ་གྱིས། རབ་བྱུང་བཙུན་པའི་སྡེ་ལ་གྱོང་གུད་ཕོག་འགྲོ་བ་ཞིག་གཏན་ནས་ཡིན་མི་སྲིད། ཆོས་མཐུན་ཁྲིམས་གཙང་གི་སྡེ་ཞིག་གནས་དགོས་ན་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་ལེན་དེ་ཆོས་ཕྱོགས་ཀྱི་ལག་ལེན་དང་སྦྱར་ནས་སླེབས་དུས་རང་བཞིན་གྱིས་བསམ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཀྱང། བོད་ཀྱི་བཙུན་མ་རྣམས་ལ་བསླབ་པ་མཐར་སོན་པའི་མཚན་གནས་ཕྱག་ཁྱེར་ཞིག་འབུལ་དགོས་པ་དེ་ཡང་གལ་ཆེན་པོར་གྱུར་ཡོད།

མདོར་ན་དགེ་བཤེས་ཞེས་པ་དེ་ཤེས་ཚད་ལག་ཁྱེར་ཁོ་ན་ཞིིག་ལ་ངོས་འཛིན་བྱེད་དགོས་ན་བསམ་བློ་གཏོང་དགོས་པ་ཞིག་ཡིན་ནའང། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མ་ཐུབ་པ་དེ་ཡང་ཐོབ་ཐང་དང་འབྲེལ་ནས་གླེང་མཁན་ཡོད་པ་དེ་དག་ནི། དོན་དངོས་ཐོག་ནང་པའི་ཆོས་ལ་ཡིད་ཆེས་གཏན་ནས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། དགེ་སློང་མའི་སྡོམ་རྒྱུན་ཆད་པ་སླར་གསོ་ཐབས་ཡོད་མེད་སངས་རྒྱས་ཀྱིས་གསུངས་པའི་འདུལ་བའི་གཞུང་ལུགས་ཁོ་ན་དཔང་པོར་འཛིན་དགོས་པ་ལས། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དང་འབྲེལ་བ་མེད། ལྷག་དོན་དུ་མགོ་སེར་རེ་ཟུང་གི་ཁ་ཟེར་བ་ཙམ་ལ་བསྟུན་དགོས་ན། ད་བར་དགའ་ལྡན་ཁྲི་མ་ཟེར་བ་ཞིག་མེད་པ་དེ་འདྲ་མཉམ་མིན་པར། མ་འོངས་པར་དགའ་ལྡན་ཁྲི་མ་ཞེས་པ་ཞིག་དགོས་པའི་རྩོད་གླེང་ཡོང་སྲིད་ལ། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཁོ་ནའི་ཐོག་ནས་བལྟས་ན་དེ་ཡང་ཡོང་མི་ཆོག་པ་ཞིག་ཡིན་གྱི་མ་རེད་སྙམ།།