དངོས་གནས་ཡིན་མིན་ལ་གཟིགས།

ང་རང་གིས་བསམ་ཚུལ་ཞིག་ཞུ་འདོད་བྱུང་།
 རང་ཅག་ལ་མཐུན་ལམ་བརྟན་པོ་དང་ཆིག་སྒྲིལ་ཡག་པོ་ཞིག་དགོས་ན།ཐོག་མར་ཕན་ཚུན་གཅིག་གི་ལངས་ཕྱོགས་སོགས་ལ་གཅིག་གིས་ཞིབ་འཇུག་དང་བརྟག་དཔྱད་ཡག་པོ་གནང་སྟེ།གསལ་པོ་གསལ་རྐྱང་དང་དངོས་ཡོད་གནས་ཚུལ་མཁྱེན་ནས།གནད་དོན་གང་ཡིན་རུང་དེའི་ཐོག་ལ་ཕན་ཚུན་བཟོད་སྒོམ་དང་བཟང་ཕྱོགས་ཐོག་ནས་ཐག་གཅོད་བྱུང་ན་དངོས་ཡོད་གནས་ཚུལ་དང་མཐུན་པ་མ་ཟད་མཐུན་ལམ་དང་ཆིག་སྒྲིལ་གྱི་ནུས་པ་སོགས་ལ་ཡང་གལ་ཆེན་པོ་ཞེ་དྲག་རེད་དྲན་བྱུང་།

ང་རང་ཚོས་སྐབས་རེ་སོ་སོའི་མགོ་ཡག་པོ་རང་མ་ཚོད་པ་བྱས།གཅིག་གི་གཅིག་ཟེར་གྱི་འདུག་ལབ་དུས།བདེན་ལ་མ་བདེན་ཞིག་གོ་བ་དང་དེའི་སྒང་ལ་སྣོན་པ་ཏོག་ཙམ་བརྒྱབ་ནས་བཤད་རྒྱུ་དེ་ཆོས་ཉིད་ལྟ་བུ་རེད།ཉན་མཁན་ཚོས་ཀྱང་སྐད་ཆ་གོ་པ་དང་ལམ་སང་ཞིབ་འཇུག་མེད་པ་ཡིད་ཆེས་གནང་རྐྱང་བྱས་ནས་འགྲོ་ན་ཆོ་གང་ཡང་མེད་པ་མ་ཟད།ནང་ཁུལ་ལ་དཀའ་རྙོག་བཟོ་རོགས་རེད།མི་གཅིག་གིས་ནན་པོ་བྱས་ནས་དྲིས་མཁན་བྱུང་ན་འོ་མིན་ནམ་བསམ་བྱུང་ཟེར་བ་ལས་ཁུངས་སྐྱེལ་རྒྱུ་མེད་པ་དེ་འདྲ་ཆགས་གྲབས་བྱེད་ཀྱི་ཡོད་པ་གསལ་པོ་གསལ་རྐྱང་རེད།སོ་སོས་གནས་ཚུལ་ཆ་ཚང་རྟོགས་ནས་བཤད་ན་ཡིན་དང་ཡིན།གནད་དོན་དེའི་ཐོག་ལ་ཚང་མ་ཡིད་གཟབ་གནང་རོགས་ཞུ།          བཀྲ་ཤིས་བདེ་ལེགས་ཞུ།