སྙན་ངག་གསར་བས་བོད་ཀྱི་སྲོག་རྩ་གཅོད་བཞིན་པ།
ངོ་མ་མཁས་དབང་ཞིག་གི་གསུང་རང་རེད། ༼སྙན་ངག་རྐང་ཆག་མ།༽ ཉིན་ཤས་གོང་དུ་རོ་སྒམ་ཞེས་པའི་ཟིན་བྲིས་ལས་མཐོང་སོང་། འདི་ལ་བརྟེན་ནས་ངས་ཀྱང་རང་མོས་སྙན་ངག་གི་མཚན་ཉིད་འདི་བཞག་པ་ཡིན།
སྙན་ངག་ཏུ་རློམ་པ་གང་ཞིག་ཚིག་ཆག་རྐྱང་བསྒྲིགས་ཀྱི་ངག་དེ་རང་མོས་ཀྱི་སྙན་ངག་ གི་མཚན་ཉིད། དེ་ལ་དབྱེ་ན། མདོ་མེད། མདོ་ཤོར། མ་རྟོགས། ལོག་རྟོག ཐེ་ཚོམ་གྱི་ངག་ལྔའོ། །རང་མོས་ཀྱི་ལུས་ཚིག་ཆག སྲོག་ལུགས་གཉིས་ཀྱིས་སྟོང་པ། རྒྱན་དཔེ་དོན་འཛོལ་བའོ།
དང་པོ་མཚན་ཉིད་ཀྱི་མཐའ་གཅོད་པ་ནི། ཁོ་བོས་བཞག་པའི་མཚན་ཉིད་འདི་ལ་ཟུར་གཉིས་ཡོད། ཟུར་དང་པོས་༼སྙན་ངག་ཏུ་རློམ་པ་གང་ཞིག་༽མཁས་བླུན་ཕལ་ཆེ་བས་སྙན་ངག་ཡིན་པར་ཁས་ བླངས་པ་དེ་ཕར་བཅད། ཡོངས་གཅོད་དུ་ཨུ་ཚུགས་ཀྱིས་སྙན་ངག་མིན་ཡང་སྙན་ངག་ཡིན་ཞེས་བཤད་བཞིན་པ་དེ་ ཚུར་བསྒྲུབས། ཟུར་གཉིས་པས་༼ཚིག་ཆག་རྐྱང་བསྒྲིགས་ཀྱི་ངག་༽མཁས་པ་དགའ་བ་དང་། ཀུན་གྱི་རྣ་བར་འཇེབས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ངག་ཡིན་པ་ཕར་བཅད་ནས། ཚུར་མཁས་པའི་ཚོགས་སུ་དབྱུང་མི་རུང་བའི་སྡེབས་སྦྱོར་མེད་པའི་ངག་ཕྱོགས་གཅིག་ ཏུ་སྤུངས་པ་དེ་བསྒྲུབས་པ་ཡིན།
གཉིས་པ་དབྱེ་བའི་རྣམ་གྲངས་ལ་ལྔ་ལས། དང་པོ་༼མདོ་མེད།༽ཅེས་པའི་དོན་བཤད་པ། སྤྱིར་འཇིག་རྟེན་ཡོངས་གྲགས་ལ་མདོ་མེད་ཅེས་པ་དེ་རང་དོན་དང་། གཞན་གཉིས་ཀ་མེད་པའི་ཞིག་ལ་གོ་བ་དང་། འདིར་གཏད་སོ་གང་ཡང་མེད་པར་མྱི་རྫ་ཁྱི་ཞེན་བྱེད་མཁན་གྱི་རིགས་ལ་གོ་དགོས། སྲོལ་རྒྱུན་དང་། དེང་རབ་ཅེས་པའི་ཁྱད་འབྱེད་མི་ཤེས་ན་ཡང་། གཞན་པ་ཞིག་གིས་རང་མོས་ཡག་པོ་རེད་ཟེར་དུས། ཨོ་ཡག་པོ་རེད་ཟེར། གང་དྲན་འབྲི་བ་ལས། གཞན་གྱིས་བྲིས་པ་དག་ཕར་ཞོགས། རང་གིས་བྲིས་པ་དག་གི་དོན་ཡང་མི་རྟོགས་པའི་གང་ཟག་དེ་ཚོ་མདོ་མེད་པོ་རེད། དེའི་ངག་ལ་མདོ་མེད་པའི་རང་མོས་ཟེར།
གཉིས་པ་༼མདོ་ཤོར།༽ཅེས་པའི་དོན་ནི། སྤྱིར་མདོ་ཤོར་ཞེས་པ་རང་ཚུགས་ཤོར་བ་ཞིག་ལ་གོ་དགོས་པ་དང་། འདིར་སྔར་གྲྭ་སར་སོང་སྟེ་གྲྭ་བའི་གོ་མ་ཆོད། སློབ་གྲྭར་སོང་ཡང་སློབ་གྲྭའི་རིག་གནས་མ་རྙེད་པ་དང་། རོང་འབྲོག་གཉིས་ཀའི་འཚོ་བ་ལ་དང་ག་མེད་པའི་ལྡོམ་པོ། ཐམས་ཅད་ཤོར་བ་དག་གིས་ལམ་ཁ་གཞན་མ་རྙེད་དུས་རང་མོས་ཡག་རབས་དང་། བརྒྱན་རབས་ཀྱིས་སྨྲ་བཞིན་པའི་ངག་དེ་མདོ་ཤོར་གྱི་རང་མོས་ཞེས་བྱ།
གསུམ་ པ་༼མ་རྟོགས།༽ཞེས་པའི་དོན་ནི། སྤྱིར་མ་རྟོགས་པ་ཞེས་པ་དེ་ཤེས་རབ་ཀྱི་རྩལ་ཞན་པའི་གང་ཟག་ཚོས། རང་ཉིད་ཀྱི་བསླབ་པར་ཡུལ་ལ་བློ་ལས་རུང་དུ་མ་སོང་བ་ཞིག་ལ་གོ་བ་དང་། སྐབས་འདིར་སྙན་ངག་ལ་འཇུག་ཁུལ་བྱས་ཀྱང་། གཙོ་བོ་སྲོལ་རྒྱུན་གྱི་ཁྱད་ཆོས་དང་། རང་མོས་ཀྱི་སྐྱོན་མཚང་མ་རྟོགས་པར། རང་གི་རྣམ་རྟོག་ལ་མཐུན་པ་ཙམ་དུ་རྒྱུ་མཚན་དུ་བྱས་པའི་ངག་ཙམ་པོ་དེ་ལ་མ་རྟོགས་ པའི་རང་མོས་ཞེས་ཟེར།
བཞི་པ་༼ལོག་རྟོག༽ཅེས་པའི་དོན་ནི། སྤྱིར་ལོག་རྟོག་ཅེས་པ་དེ་བསླབ་བྱ་དེ་ཉིད་མ་རྟོགས་པར། སྦྱོང་བ་པོའི་བློ་དེ་སྦྱང་བྱའི་ཆོས་དེའི་ནང་དོན་ལས་ཕྱིན་ཅི་ལོག་ཏུ་སོང་བ་ གོ་བས། སྦྱངས་པ་སྲོལ་རྒྱུན་ལ་བྱས་ཀྱང་། བློར་ངེས་པ་དང་། ངག་ནས་འཆད་རྒྱུ། ལག་གིས་འབྲི་བྱ་སྲོལ་རྒྱུན་གྱི་དྲི་ཙམ་ཡང་མེད་པའི་ངག་དེ་ལ་ལོག་རྟོག་གི་རང་ མོས་ཟེར།
ལྔ་པ་༼ཐེ་ཚོམ་༽ཞེས་པའི་དོན་ནི། སྤྱིར་བཏང་ཐེ་ཚོམ་ཞེས་པའི་དོན་དེ་བློ་རྩེ་གཉིས་སུ་འཇུག་པ་ཞིག་ལ་གོ་བ་དང་། སྐབས་འདིར་སྲོལ་རྒྱུན་དང་། རང་མོས་གཉིས་ཀྱི་དབྱེ་འབྱེད་མ་ནུས་ཤིང་། རང་གིས་ཀྱང་ཐག་མ་ཆོད། མིས་བཤད་མི་ནུས་པའི་གཏད་སོ་གང་ཡང་མེད་པའི་རྩོམ་འཆལ་སྣ་ཚོགས་པའི་ངག་ལ་ཐེ་ ཚོམ་གྱི་རང་མོས་ཞེས་བཤད་པ་ཡིན།
གསུམ་པ་རང་མོས་ཀྱི་ལུས་སྲོག་རྒྱན་ གསུམ་ལས། དང་པོ་ལུས་༼ལུས་ཚིག་ཆག༽ ཀྱི་དོན་བཤད་པ་ནི། ཚིག་ནི་དོན་རྩ་གཞི་ནས་བསླང་བར་བྱེད་པའི་རྣོ་བའི་མཚོན་དང་གཅིག་མཚུངས་ཡིན་པས། ཚིག་ལ་སྙན་འཇེབས་ཤིག་དང་། རྣོ་ངར་ཞིག་ཡོད་ན། བརྩེ་བ་ཅན་གྱི་གང་ཟག་དང་། དཔའ་ངར་ལྡན་པའི་ཕོ་རྒོད་ཚོར་སྔར་མེད་ཀྱི་ཚོར་བ་གཏིང་ཟབ་ལ། རྒྱུན་རིང་བའི་འཆར་སྣང་ཞིག་སྟེར་ངེས་པ་དང་། དེ་ནི་སྲོལ་རྒྱུན་བྱུང་བའི་བཅད་ལྷུག་སྤེལ་གསུམ་གང་རུང་ལ་བརྟེན་ནས་སྨྲ་བ་ལས། ཨ་བསྐོར་ཡང་བསྐོར་དང་། བསྐྱར་བཟློས་རྐྱང་རྐྱང་གི་ཚིག་ཆག་ཅིག་གིས་ཚོར་བ་གསོན་པོ་ཞིག་ནམ་ཡང་སློང་མི་ ནུས་པས། རང་མོས་ཀྱི་ལུས་དེ་ནི། བཅད་ལྷུག་སྤེལ་མ་གང་ཡང་མ་ཡིན་པའི་འགོ་བཅད་རྔ་རྡུམ་གྱི་ཚིག་ཆག་ཅིག་རེད་ཅེས་ བཤད་པ་ཡིན།
གཉིས་པ་སྲོག་༼སྲོག་ལུགས་གཉིས་ཀྱིས་སྟོང་པ།༽གི་ དོན་བཤད་པ་ནི། སྲོག་ཅེས་པ་དེ་རྗོད་བྱེད་ཚིག་གིས་བསྟན་བྱའི་དོན་ཆོས་དཔལ་སྲིད་གསུམ་སྟེ། ཆོས་བཤད་ན་ལྟ་གྲུབ་གནད་གསང་དང་། ནང་གི་མྱོང་བ་ཡོད་པ་ཞིག་དང་། དཔལ་དང་འབྱོར་བ་བཤད་ན་བཅའ་དངོས་དེའི་རིན་ཐང་དང་། ཚད་གཞི་དངོས་པོ་རང་གི་སྟེང་དུ་ཇི་ལྟར་ཡོད་པ་དེ་ལྟར་སྟོན་ཡོད་པ་ཞིག་དང་། ཆབ་སྲིད་བཤད་ན་རང་གི་འབངས་བདེ་བ་དང་། གཞན་སྡེ་ཟིལ་གྱིས་གནོན་པའི་ཐབས་ལམ་གྱི་གནད་ཕུག་པ་ཞིག་ཡོད་དགོས་པ་རེད། རང་མོས་ཀྱིས་འདི་དག་བཤད་དགོས་ན་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་ནུས་བྲལ་བ་ རེད། གང་ཡིན་ཞེ་རང་མོས་ཀྱི་བརྗོད་དོན་གཅིག་མ་རྫོགས་པའི་བར་ནས། ཡང་བྱ་བ་གཞན་ཞིག་ལ་སྦྱར་ཏེ། བཅད་མཚམས་རེ་ནས་བརྗོད་དོན་ཁ་མ་ཚང་བ་རེ་སྟོན་བཞིན། གཏད་སོ་དང་། འཛིན་མཚམས། གང་ཡང་མེད་པ་ཤ་སྟག་ཡིན་པས་སོ། །
གསུམ་པ་།༼རྒྱན་དཔེ་དོན་འཛོལ་བར།༽བར་ བཤད་པ་ནི། དཔེ་དོན་ཞེས་པ་དེ་ཕན་ཚུན་མཚུངས་ཆོས་བྱ་བ་དང་། ཡོན་ཏན། ཡུལ། དུས་སོགས་ལ་ལྟོས་ཏེ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་ཡོད་མེད་གང་ལྟར་ཡང་། མཁས་བླུན་སུས་བཀླག་ན་ཡང་། དོན་རྟོགས་ནུས་པ་ཞིག་དང་། བསམ་དུ་ཡོད་པ། སྤང་བླང་བྱ་རུ་ཡོད་པ་ཞིག་དགོས་པ་རེད། ཡིན་ན་ཡང་སྙན་ངག་གསར་བར་རློམ་པ་འགའ་ཞིག་གིས་དཔེ་དོན་གཉིས་རྒྱང་གྲགས་དང་དཔག་ ཚད་ཀྱིས་བར་ཆོད་པའི་དཔེ་རྐྱང་རྐྱང་ལས། དོན་གང་དུ་སོང་ཡིན་མི་ཤེས་པ། ཡང་འགའ་ཞིག་གིས་དཔེ་དང་དོན་གཉིས་འབྲེལ་མེད་ཀྱི་མེ་ཆུ་བཞིན་འགལ་ན་ཡང་། ད་དུང་ཨུ་ཚུགས་ཀྱིས་ཕན་ཚུན་མཚུངས་ཆོས་སུ་སྦྱར་མཁན་ཡང་མང་པོ་རེད།
མདོར་ བསྡུས་ན་ སྙན་གསར་ལ་དགའ་བ་དང་། སྐད་གྲགས་ཨེན་ཙམ་ཆོད་པ་ཚོས་ཀྱང་སྙན་ངག་གསར་བ་ཞེས་ཁ་སྤོབས་ཅི་ཙམ་བཤད་ཀྱང་། ཁོ་ཚོས་དངོས་ཀྱི་ལག་ལེན་གཏུག་ས་དེ་ལྷུག་རྩོམ་རེད། སྲོལ་རྒྱུན་གྱི་ཚིག་བཅད་ལ་ཁྲིམས་དང་བསྒྲིགས་ལམ་མང་པོ་ཞིག་ཡོད་པ་དང་། དེའི་ར་བ་ལས་འདས་དགོས་ཞེས་སྨྲ་བ་ཙམ་དུ་ཟད། སྤྱིར་བཏང་ཚིག་བཅད་ཅེས་པ་དེ་དོན་གྱི་གནད་གསང་བསྡུས་པའི་ཆེད་དུ་རེད། ལྷུག་རྩོམ་ཟེར་བ་དེ་དོན་རྒྱས་པར་འགྲོལ་བའི་ཆེད་དུ་རེད། དེ་ཕྱིར་ཚིག་བཅད་མེད་ན་ལྷུག་རྩོམ་ཁོ་ནས་བརྗོད་དོན་བསྡུས་ཏེ་བསྟན་པ་ཁག་པོ་ རེད། ལྷུག་རྩོམ་མེད་ན་བརྗོད་དོན་ཁ་གསལ་དུ་གཏོང་ཐབས་མེད་པས། སྲོལ་རྒྱུན་གྱི་སྙན་ངག་མེ་ལོང་མའི་ལྟ་གྲུབ་ཀྱི་བཅད་རྒྱ་ནི་ལུགས་གཉིས་ཀྱི་ སྲོག་དང་གཅིག་མཚུངས་ཡིན། འོ་ན་རང་བཞིན་བརྗོད་པ་ཙམ་གྱིས་ཆོག་གི་རྒྱན་ཕྱི་མ་དག་དགོས་པ་མེད་དོ་ཞེ་ན། དེ་ཙམ་ཞིག་ཆོག་པ་ཞིག་ཀྱང་མ་རེད། ཁྱེད་ཚོས་ས་པཎ་གྱི་ས་སྐྱའི་ལེགས་བཤད་དང་། རིག་འཛིན་འཇིག་མེད་གླིང་པའི་ཡོན་ཏན་མཛོད། གུང་ཐང་པའི་ཆུ་ཤིང་གི་བསྟན་བཅོས། མི་ཕམ་པའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་གཟིགས་དང་། ཚིག་ལ་སྙན་འཇེབས་ལྡན་ཞིང་། དོན་ལ་རོ་བཅུད་ཀྱིས་ཕྱུག་པ་དང་། དཔེ་དོན་གཉིས་ཕན་ཚུན་གཅིག་གིས་གཅིག་གསལ་བྱེད་དུ་གྱུར་བ་ལྟ་བུའོ། །
སྙན་ གསར་བ་ཚོར་གཞུང་ཞིག་དང་། རང་ལུགས་ཤིག ད་དུང་རྩ་བ་དང་། འགྲེལ་བ། རང་གིས་ཉར་ན་རིག་གཞུང་དུ་རུང་བ། མི་ལ་ངོམས་ན་རིན་ཐང་ཡོད་པ་ཞིག་བྱེད་རོགས་ཞེས། ཐེངས་མང་པོ་བསྐུལ་མ་ཞུས་པ་ཡིན་ཏེ། སྤྱོང་དུས་མེ་ལོང་མ་ལ་འཇུག འབྲི་དུས་ཁྲིམས་དང་། རང་ལུགས་གང་ཡང་མེད་པ་ཞིག་ལ་འཇུག་ཁུལ་བྱེད་བཞིན་ལས། ཁྱད་ཆོས་ཤིག་ཐོན་ཚོད་མ་རེད། སྔོན་བྱོན་འཕགས་ཡུལ་གྱི་མཁས་པ་དང་། དེ་དག་གི་རྗེས་འབྲང་མཁས་དབང་ཚོ་ནི་ངོ་མ་འགྲོ་བ་མིའི་རིགས་ཀྱི་གཟི་བརྗིད་ ཅིག་རེད། བོད་མི་ཙམ་དུ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་དཔྱོད་ལྡན་དུ་མའི་ཡིད་དབང་འཕྲོག་བཞིན་པ་རེད། ལུགས་སར་བ་འདི་ཚོས་རིན་ཐང་བྲལ་བའི་བོད་བརྒྱུད་ནང་བསྟན་དང་། བརྡ་དག་སྙན་གསུམ་སོགས་ལ་མ་རུང་བའི་རྣམ་འགྱུར་གྱིས་བོད་ཀྱི་སྲོག་གཅོད་ཀྱིན་ འདུག་ཅེས་བཤད་པ་ཡིན།
སྤྱི་ལོ་༢༠༡༢་ཟླ་བ་༥་ཚེས་༢༣་ལ་ཨོ་རྒྱན་ཉི་མས།
