བོད་ཤི་སོང་བ་དང་ཁྱད་པར་གཏན་ནས་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༨    ཕྱི་ལོ་ ༢༠༡༢/༥/༣༠ །   
བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་བྱས་ནས་ཕྱི་ཟླ་༥ ཚེས་༢༣ རྒྱ་དམར་གཞུང་གི་བཙན་དབང་འོག་ཞི་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་༥༣ འཁོར་བའི་ཉིན་མོ་དང་སྟབས་བསྟུན།

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་མི་ལོ་༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་ལོ་གཅིག་ཞུ་རྒྱུའི་ཧ་ཅང་གལ་གནད་ཅན་གྱི་ལས་རིམ་ཞིག་འགོ་འཛུགས་གནང་སོང་བ་དང། སྐབས་དེར་གསུང་བཤད་གནང་མཁན་ཁག་ཅིག་གིས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་སླར་གསོའི་གསལ་བསྒྲགས་གནང་ནས་ལོ་༡༠༠ འཁོར་བ་ཟེར་བ་སོགས། ངོས་འཛིན་བྱེད་སྟངས་མི་འདྲ་བ་རེ་ཟུང་བྱུང་སོང་བས། དེའི་སྐོར་ལ་དངོས་ཡོད་གནས་ཚུལ་དང་འབྲེལ་ནས་གསེད་བཀྲོལ་ཞུ་རྒྱུ་ཡིན།

ཕྱི་ལོ་༡༩༡༣ ལོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་སླར་གསོའི་བསྒྲགས་གཏམ་སྤེལ་དགོས་དོན་མེད་པར། སྐབས་དེ་དུས་བོད་ཀྱི་བདག་དབང་སུ་གཅིག་གི་ལག་ཏུ་ཤོར་མེད་ལ་བོད་རང་བཙན་གྱི་གནས་བབས་ཡོད་མུས་ཡིན། འོན་ཀྱང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལྟ་བུར་མཚོན་ན་༧གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས་རང་བཙན་རྩོད་ལེན་བྱེད་མུས་སུ་གྱུར་ཡོད་པ་དང།  རྒྱ་དབྱིན་གཉིས་ཀྱིས་སྔ་རྗེས་བོད་ལ་བཙན་འཛུལ་བྱས་ཀྱང། བོད་རྒྱལ་ཁབ་གྱི་གནས་བབས་རང་བཙན་ཡིན་པ་དང། དེའི་གནས་བབས་སྲ་བརྟན་ངང་རྒྱུན་གནས་དགོས་པའི་བསྒྲགས་གཏམ་སྤེལ་བ་ཞིག་ཡིན་པ་རང་ཉིད་ཀྱི་ཚོར་སྣང་ཙམ་མིན་པར་བསྒྲགས་གཏམ་དེས་ར་སྤྲོད་བྱས་ཡོད།

“ལས་འབྲས་མི་བསླུ་བའི་མཐུ་ལས་མན་ཇུ་༧གོང་མའི་ཆབ་སྲིད་མི་བརྟན་པའི་དུས་འགྱུར་མི་བཟད་པ་བྱུང་ཐོག བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱིས་རྒྱ་དམར་དང་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན། དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་འཁྱེར་ཏེ་དོན་དམ་བྲན་གཡོག་ཏུ་བཀོལ་རྒྱུའི་བསམ་སྦྱོར་ངན་གཤོམ་དེ་དག་བྱེ་མའི་ཆངས་བུའམ། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་ནས་འགྲོ་རྣམས་ཆོས་དང་། འབྱོར་པས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་”ཅེས་སོགས་གསལ་ཡོད།

གོང་དུ་འཁོད་པ་འདིར་གསལ་བ་བཞིན། དབྱིན་ཇི་དང་། ལྷག་དོན་རྒྱ་ནག་གིས་སྔ་རྗེས་བོད་ཟ་འདོད་ཀྱི་ཐོག་ནས་ཞི་དྲག་གི་ཐབས་ཤེས་སྣེ་མང་བྱས་ཀྱང། བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་གི་ལག་ཏུ་ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གིས་བཞག་པའི་རྗེས་མ་གཏོགས་ཤོར་མེད། དེར་བརྟེན་བཀའ་མོལ་གནང་བའི་སྐབས་ཡིན་ནའང། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་ཡིན་དང། བོད་རང་བཙན་སླར་གསོའི་བསྒྲགས་གཏམ་སྤེལ་བ་ཞིག་ཡིན་པ་དེ་ལ་ཆབ་སྲིད་ཀྱི་ཐོག་ནས་ཁྱད་པར་ཆེན་པོ་ཡོད་པས། སྐབས་མཚམས་སོ་སོར་ཆབ་སྲིད་དང་ལོ་རྒྱུས་ལ་འབྲེལ་བ་ཆེན་པོ་ཡོད་པའི་མིང་ཚིག་བེད་སྤྱོད་བྱེད་སྐབས་ངེས་པར་གཟབ་དགོས་པའི་དྲན་སྐུལ་ཙམ་ཞུས་པ་ཡིན།

ད་ལྟའི་ཆར་རྔམ་སྟོན་ཁྲོམ་སྐོར་སྐབས་“བོད་རང་བཙན་གཙང་མ་ཡིན།” ཞེས་པ་དེར་ཡང་སྐད་འབོད་དང་གོ་དོན་གཉིས་ཁ་ཁར་མ་སོང་བ་ཞིག་ངེས་པར་དགོས། བོད་རང་བཙན་གཙང་མ་ཡིན་ཞེས་པ་དེ་འདས་པའི་ལོ་རྒྱུས་ཁོ་ན་ལ་གོ་བ་ལས། ད་ལྟའི་ཆར་བོད་ཀྱི་གནས་སྟངས་དེ་རང་བཙན་དུ་གནས་མེད་པ་རྒྱ་དམར་གཞུང་གི་བཙན་འོག་ཏུ་ཡོད་པ་སུས་བལྟས་ཀྱང་གསལ་པོ་རེད། དེར་བརྟེན་གོང་གི་འབོད་ཚིག་དེ་འདས་པའི་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པ་དང། དེ་ལ་བརྟེན་ནས་བོད་རང་བཙན་སླར་གསོ་དགོས་པའི་སེམས་ཚོར་ཕྱིར་མངོན་ཐབས་བྱས་པ་ལས། འབོད་ཚིག་དེ་ད་ལྟ་བ་ཞིག་ཏུ་གོ་བ་ལེན་མཁན་ཡོད་ཀྱི་མ་རེད་ལ། བླངས་ན་འགྲིག་པ་ཞིག་ཀྱང་མ་རེད།

དེར་བརྟེན་མ་འོངས་པར་བོད་རང་བཙན་ཞེས་སྐད་འབོད་བྱེད་པའི་སྐབས། “བོད་རང་བཙན་སླར་གསོ་དགོས་”ཞེས། མངོན་འདོད་དང་དགོས་འདུན་མཚོན་པའི་འབོད་ཚིག་འདི་ཉིད་ཁ་གསལ་བྱེད་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོར་གྱུར་ཡོད། འབོད་ཚིག་ཐུང་ངུ་ཞིག་ཡིན་ཡང་གོ་དོན་ཆེན་པོ་རེ་ཡོད་པས། སྐད་འབོད་དང་སེམས་གཏིང་གི་གོ་བ་གཉིས་མ་འཆོལ་བ་དགོས་པ་དེ་ཧ་ཅང་གལ་ཆེ། ད་ལྟའི་ཆར་བོད་ལ་རང་བཙན་མེད་པ་མ་ཟད། བོད་རང་བཙན་ཞེས་པའི་མིང་ཚིག་འདི་རྒྱ་དམར་དྲག་གཞུང་གི་མཐོང་མི་རུང་བར་སྲོག་གི་ཉེན་ཁ་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ནང་དུའང་མགོ་འཕངས་ཆེས་དམའ་ནས་དམའ་རུ་འགྲོ་བཞིན་པའི་སྐབས་འདིར། “ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ། བོད་རང་བཙན་”གྱི་འབོད་སྒྲ་ཙམ་ཡང་བརླགས་སོང་ན། བོད་མི་རིགས་ཉི་མ་དེ་ནས་ཤི་སོང་བ་དང་ཁྱད་པར་གཏན་ནས་མེད།།