ཁྱོ་ཤུག་དབར་གྱི་དྲན་གདུང་འདི།

  གཟུགས་གཞི་ཁྱ་ཁྱོར་སྒོ་ཡི་ཐེམ་པ་རུ་བརྒལ་དུས། །
ཟླ་བའི་ཟེར་རླབས་མལ་ཁྲིའི་མདངས་མཐའ་རུ་གསལ་འདུག །
སེམས་ཀྱི་ཁ་ལོ་མདུན་དུ་ཚུ་ཚུར་ལ་བཀུགས་པས། །
དགའ་མ་རྒྱང་རིང་ཕྱོགས་སུ་ལུས་པ་དེ་ཤེས་བྱུང་།།

 ས་སྲོད་ཟླ་བའི་འོད་མདངས་མིག་ངོ་རུ་བསུ་དུས། །
རྒྱང་རིང་དགའ་མ་སེམས་ལ་ལྷང་ལྷང་དུ་འཆར་བྱུང། །
ནགས་ལྗོངས་ཤིང་གི་སྡོང་པོའི་ལྟེ་བ་རུ་འཐམས་པས། །
བརྩེ་ཆེན་དགའ་མའི་མགུལ་ནས་འཁྱུད་པ་དང་འཁྲུལ་འདུག ། 

འགོག་ཐབས་བྲལ་བའི་མིག་གི་མཆི་མ་དེ་ཕྱིས་ནས།
 
མཁའ་ཡི་ཟླ་ཟེར་ཕྱོགས་སུ་ཡང་ཡང་རེ་ལྕེར་བར། །
སེམས་ངོགས་རྒྱུན་དུ་གཟིམས་པའི་དགའ་མ་དེ་དྲན་བཞིན། །
ཟླ་བ་མཉམ་དུ་མཐོང་བའི་སྨོན་ལམ་རེ་བརྒྱབ་ཡོད། །

མཚན་ལྗོངས་ཁེར་རྐྱང་ལམ་འཕྲང་རྐྱོག་མོ་རུ་རྒྱུ་དུས། །
རང་ཉིད་ཁེ་རྐྱང་རྡོག་སྒྲ་རྣ་བ་ལ་གཟན་བྱུང་། །
གཟུགས་པོ་གྲུ་བཞི་སྤྲུལ་པའི་རྫུ་འཕྲུལ་རང་མེད་ཀྱང་། །
སེམས་པ་རླུང་གིས་དགའ་མའི་ཁ་ཕྱོགས་ལ་འཁྱེར་སོང་། །

སྐྱོ་བའི་དྲན་གདུང་བྱང་ཁོག་རླུང་བུ་ཡིས་བརྫངས་དུས། །
རྩི་ཤིང་གིས་ཀྱང་བདག་ལ་འཁངས་ར་རེ་བྱས་ཤིང་། །
མཁའ་ཡི་ཟླ་བ་ཡིན་ཡང་ངོ་ཚ་དང་ལྷན་དུ། །
རེ་ཞིག་སྤྲིན་དཀར་དར་གྱིས་བཞིན་རས་དེ་བསྟུན་སོང་། །

སྙན་ངག་འདི་སུའུ་སི་ལ་ཡོད་པའི་བྲག་གཡབ་ཚེ་རིང་ནོར་བུས་བསྐུལ་བ་ལྟར་ཕྱི་ལོ་ ༢༠༡༢ ཟླ་ ༠༥ ཚེས་ ༡༠ ཡི་ མཚན་མོར་རྒྱང་རིང་ལ་ལྷག་པའི་རང་ཉིད་ཀྱི་མཛའ་བརྩེ་ལྡན་པའི་དགའ་མ་ཡིད་དྲན་ བཞིན་ཡུལ་ལ་དྭགས་ཀྱི་རྒྱལ་ས་གླེ་རྫོང་དུ་ཐོལ་བྱུང་ཤར་མར་བྲིས་པ་ལགས་སོ།།

ཐོལ་བྱུང་སྙན་ངག་དེའི་ལན་དུ།
ཉིན་མཚན་དུས་དྲུག་ཆུ་སྤྲིན་ལྟར་གཡོ་བའི།།
མི་རྟག་དུས་ཀྱི་ཟིགས་མ་དེར་རེག་དུས།།
སྣང་སྟོང་འཆར་ཡན་གཟུགས་བརྙན་དེ་མཛེས་ཀྱང།
སེམས་ཀྱི་ཁྱོ་དང་བྲལ་ཐབས་རང་མི་འདུག།

སྐྱིད་ན་སྐྱིད་ཉམས་གླུ་ཆུང་འདི་ལེན་ཏེ།
སྡུག་ན་མཆི་མ་མཉམ་བསྐྱིལ་ཞིག་འདོད་བྱུང།
མི་ཚེ་ཆུ་བུར་ལྟར་སྣང་དུ་འཛིན་ཡང།
དགའ་སྐྱོ་ཟུང་ལྡན་མཉམ་རོལ་ཞིག་ལོས་དགོས།།

ན་ནིང་དུས་འདིར་ཁང་ཆུང་གི་སྦུགས་ན།
འཛུམ་གྱིས་རྒྱན་བའི་ངོ་གདོང་དེ་དྲན་དུས།
ད་ཆ་མུན་ནག་ས་ཐ་ཡི་དབུས་སུ།
སྤྲོ་སྣང་དབེན་སོང་སེམས་རྟེན་གྱི་ཁྱོ་བོ།།

ལོ་ཟླ་བརྒལ་ཡང་དྲན་དུང་དེ་ལྕི་སོང།
བར་ཐག་རིང་ཡང་རེ་སྨོན་དེ་མང་བྱུང།
ཉིན་མཚན་མི་འཁྱོལ་སྡུག་སྦྱོར་འདིར་བསམ་ན།
ཡ་ཆུང་སྡུག་ཏུ་ལྷུང་བ་འདིར་གཟིགས་རོགས།།

འདི་ན་སྔོན་མའི་ལས་འབྲས་ཤིག་ཟེར་ཡང།
ཕྱི་མའི་དགའ་འཛོམས་ཡོང་རེའང་དཀའ་བས།
ལུས་སེམས་གཉིས་པོར་སྤྲོ་སྣང་ཞིག་སྦྱིན་ཆེད།
བྲལ་གདུང་བཙན་པོའི་སྒོ་ལྕགས་འདི་གཏོར་རོགས།།

རང་གི་ཁྱོ་བོའི་གྲོགས་པོའི་རེ་བསྐུལ་ལྟར་བྲིས་པའི་ཐོལ་བྱུང་སྙན་ངག་འདི་ལ་ལན་དུ་གསོལ་འདེབས་ཞུས། ཁྱེད་ཀྱི་ས་ཐའི་ཆུང་མ་གངས་ལྷ་མོ་དྲན་གདུང་གིས་མནར་བཞིན་ཕྱི་ལོ་༢༠༡༢ཟླ་༥ཚེས་༡༤ཉིན་འདི་ལྟར་ཐལ།