རྐང་སྤོལ་རྩེད་འགྲན་པ་གཞོན་སྐྱེས་ཚོར་རེ་བ་འདུག

kalsang_2012_6_5བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལགས་སུ་བཅར་འདྲི། དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ཡར་རྒྱས་གཏོང་དགོས་པ་ག་རེ་ག་རེ་མཐོང་གི་འདུག

ལན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ས་གནས་སོ་སོར་རྒྱུན་དུ་རྩེད་མོའི་རུ་ཁག་ཚད་ལྡན་ཞིག་ཡོད་རྒྱུ་དེ་རེད། དེ་དངོས་སུ་ལག་ལེན་ཐོག་ཁག་པོ་འདུག ད་ལྟ་རེ་བ་ཡོད་པ་རུ་ཁག་ཁ་ཤས་ཡོད་པ་རེད། དཔེར་ན་ཀཱ་ལ་མན་ཊོན། སྤོག་ར། football1_5_6_2012དེ་བཞིན་ཨོ་རི་ས་ལ་རེ་བ་ཡོད་མཁན་ཞིག་རེད། ད་ཡང་ཁ་ཤས་ཅིག་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་རང་གི་ཆེད་དུ་བདུན་ཕྲག་གཅིག་མཉམ་དུ་འཛོམས་པ་དང་། ཡང་ཁ་ཤས་ཟླ་བ་གཅིག་ཙམ་རེད། དེ་ཚར་རྗེས་གཡུག་འཇོག་གི་ཡོད་པ་རེད། ང་ཚོ་ལ་གང་འདྲ་ཞིག་དགོས་རེད་ཟེར་ན། རུ་ཁག་རྒྱུན་དུ་ནས་རྩེ་མཁན་ཡོད་པ་དང་། དེའི་ནང་སྦྱོང་བརྡར་བྱས། དེ་ནས་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་ནང་འཛུལ་ཞུགས་བྱས་ན་ཡག་པོ་ཡོད་རེད། རུ་ཁག་ཚད་ལྡན་ཆགས་རྒྱུ་ལ་དེ་དགོས་རེད། ཡིན་ན་ཡང་ས་གནས་ཁག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད། ང་ཚོས་སྒྲིག་གཞི་སོགས་ལ་འགྱུར་བ་བཏང་ནས་ས་གནས་སོ་སོར་དངོས་སུ་ལག་བསྟར་བྱེད་དགོས་འདུག དེ་ལྟར་བྱས་ན་རུ་ཁག་ཚད་ལྡན་ཆགས་རྒྱུར་ཕན་ཐོགས་ཡོང་གི་རེད།

དྲི་བ། རྩེད་འགྲན་པ་ཚོར་ཆ་རྐྱེན་ཡག་ཏུ་གཏོང་ཆེད་མཐུན་འགྱུར་འགྲོ་སོང་ཡར་རྒྱས་ག་རེ་ག་རེ་གཏོང་འཆར་ཡོད་དམ།
ལན། དེ་ང་ཚོའི་ཡོང་ཁུངས་ལ་ལྟ་དགོས་པ་རེད། བོད་ཀྱི་རྩེད་རིགས་ཚོགས་པ་ལ་དངུལ་གང་ཡང་ཡོད་པ་མ་རེད། ངས་གོང་དུ་བརྗོད་པ་བཞིན། རུ་ཁག་སོ་སོ་བཟོས་པ་ཡིན་ན། སོ་སོ་སོ་སོར་དངུལ་གཏོང་ཐུབ་པ་ཆགས་ཀྱི་རེད། རུ་ཁག་སོ་སོས་རང་མགོ་རང་ཐོན་ཡོང་རྒྱུ་ཆགས་དགོས་ཀྱི་ཡོད་པ་རེད། སྔོན་མ་བྱས་ན། རྩེད་འགྲན་པ་ཚོར་ང་ཚོས་ལམ་གྲོན་ཞིག་གཏོང་གི་ཡོད་པ་རེད། ཞལ་ལག་དང་། ལམ་གྲོན་བཏང་པ་ཡིན་ན། ཡང་མང་པོ་ཞིག་གུང་སེང་རང་བྱས་ནས་ཡོང་གི་འདུག སྡོད་ས་དང་ཞལ་ལག་ནི་ཡོད་རེད། ལམ་གྲོན་ནི་གང་ལ་གང་མཚམས་སྤྲད་ཀྱི་རེད། ད་འགྲོ་ཟེར་བ་འདྲ་བོ་ཡོང་གི་འདུག ད་ཆ་རྐྱེན་ཁག་ཅིག་ཡོད་པ་རེད། གཞིས་འགོ་བདེ་དོན་ནས་རྒྱབ་གཉེར་ཡི་གེ་དགོས་པ་རེད། དེའི་སྒང་ལ་རྩེད་མོ་རྩེ་མཁན་ཚོ་ལ་རང་བཙན་ལག་དེབ་དགོས་ཀྱི་ཡོད། དེ་ནས་ཁོང་ཚོར་སློབ་སྟོན་པའི་ཚོགས་ཆུང་ཞིག་དང་། གྲ་སྒྲིག་ཚོགས་ཆུང་ཞིག་དགོས་ཀྱི་ཡོད་རེད། དེ་ལམ་སང་འགྲིག་འགྲོ་ཡི་འདུག དེར་བརྟེན། རུ་ཁག་ར་ལང་ཆ་ལང་ཟེར་ན་འགྲིག་གི་ཡོད་མེད་མི་ཤེས། དེའི་ཕྱིར་ཕྱི་ལོ་༢༠༡༠ ལོར་ང་ཚོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་ཚོགས་པ་རེད། དེའི་སྐབས་རུ་ཁག་ཚད་ལྡན་ཞིག་ཡོང་དགོས་ཀྱི་འདུག དེའི་ཕྱིར་དུ་འགྲོ་སོང་སོ་སོས་གཏོང་དགོས་ཀྱི་རེད་ཟེར་ནས་ད་ཐེངས་ལམ་གྲོན་མེད་པ་བཟོས་པ་རེད། ལམ་གྲོན་མེད་པ་ཡིན་ན་ཡང་། འདིར་སྡོད་ས་གྲ་སྒྲིག་ཡོད་པ་རེད། ད་ལོ་ཁང་པ་མང་པོ་མ་རག་པ་རེད། ཐབས་ཤེས་མ་བྱས་པ་མ་རེད། ཡིན་ན་ཡང་ང་ཚོས་སྔོན་ནས་གསལ་པོ་བཟོས་ཡོད། ཁང་པ་ང་ཚོས་འབུལ་ཐུབ་ཀྱི་མི་འདུག རུ་ཁག་སོ་སོར་ཉི་མ་རེ་རེར་སྒོར་མོ་༣༥༠༠ རེ་ཕུལ་ཡོད་པ་རེད། ཅོན་ཏ་རར་ཉེ་འཁོར་ཡིན་པས་འགྲན་སྡུར་ཡོད་པའི་སྐབས་སུ་༣༠༠༠ ཕུལ་ཡོད་པ་རེད། ༣༥༠༠ ཟེར་དུས་འདང་ངེས་ཡོད་པ་རེད། ཡིན་ན་ཡང་དངོས་སུ་ང་ཚོར་སྤྱི་ཐབ་ཡོད་ན་འགྲོ་སོང་ཉུང་བ་ཆགས་ཀྱི་རེད། ད་ང་ཚོས་རང་ནས་འགྲོ་སོང་འབུམ་གསུམ་བཞི་ཙམ་དེར་ཐོལ་པར་ཕྱིན་པ་རེད། དེ་འགྲོ་དགོས་པའི་རྒྱུ་མཚན་ནི་ད་ལོ་རུ་ཁག་རྣམས་ཚན་པ་ལ་བགོས་ནས་རུ་ཁག་གཉིས་གཉིས་བྱས་ནས་འགྲན་སྡུར་བྱས་པ་རེད།

དྲི་བ། མ་འོངས་པར་བོད་ཀྱི་རྐང་རྩེད་སྤོ་ལོའི་གནས་བབ་གང་འདྲ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག
2012_6_4_1ལན། ད་ལྟའི་སྐབས་སུ་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་རྩེད་འགྲན་པ་ལོ་གཞོན་རྐྱང་རྐྱང་རེད། སྔོན་མ་ཡིན་ན་ལོ་༢༥ ཡན་ལ་རེད། དེ་རིང་ང་ཚོས་རྩེད་འགྲན་པ་གྲག་གྲས་འདེམས་སྒྲུག་བྱས་ཡོད་པ་རེད། ལོ་༡༦ མན་ལ་འདུག དེ་འདྲ་བྱུང་བ་ཡིན་ན་སློབ་སྟོན་བྱེད་རྒྱུ་དང་། སྦྱོང་བརྡར་བྱེད་རྒྱུ་ལས་སླ་བ་ཡོད་པ་རེད། རྒྱུན་རིང་བ་རྩེ་ཐུབ་ཀྱི་རེད། ད་མ་འོངས་པར་འཆར་གཞི་ལག་ལེན་བསྟར་ཐུབ་པ་ག་རེ་ཡོད་རེད་ཅེ་ན། ད་ལྟའི་ཕྱི་ཟླ་༦ ཚེས་༡༠ ནས་རྩེད་འགྲན་པ་༡༦ ཙམ་གསར་པ་བདམས་ཡོད་པ་རེད། སྔོན་མ་རྒྱལ་ཡུམ་ཆེན་མོའི་སྐབས་སུ་༢༠ ཙམ་བདམས་ཡོད་པ་རེད། ད་ལྟ་ཡོད་བཞིན་པའི་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ནས་རྩེད་འགྲན་པ་༡༤ ཡོད། ད་སླེབས་ཐུབ་མ་ཐུབ་དཀའ་ངལ་འཕྲད་ཡོང་གི་འདུག གང་ལྟར་ཟླ་བ་༦ པའི་ཚེས་༡༠ ནས་༢༠ བར་འདེམས་སྒྲུུག་ཅིག་བྱེད་རྒྱུ་ཡིན། དེ་ནས་འདེམས་སྒྲུག་བྱས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གསར་པ་ཆགས་ཀྱི་རེད། རེ་བ་ལ་ད་ལྟ་གཞོན་སྐྱེས་མང་པོ་འདུག རེ་ཟུང་སྡོད་ཀྱི་མིན། སློབ་སྦྱོང་ལ་དཀའ་ངལ་འཕྲད་ཀྱི་འདུག་ཟེར། རྐང་རྩེད་སྤོ་ལོའི་འགྲན་སྡུར་པ་གསར་པ་དེ་གཞོན་སྐྱེས་རྐྱང་རྐྱང་སླེབས་རྒྱུ་ལ་རེ་བ་བྱེད་ཀྱི་ཡོད།

དྲི་བ། རྩེད་འགྲན་ཆེད་མ་འོངས་པར་གོ་སྐབས་ག་རེ་རག་གི་རེད།
ལན། རྒྱ་གར་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཊི་ཡས་ཁོ་ཚོའི་སྒང་ཐོག་ཏུ་རྐང་རྩེད་སྤོ་ལོའི་ཚོགས་པ་དང་། བོད་པའི་རུ་ཁག་རྩེད་འགྲན་བྱས་ཏེ། དེའི་ནང་ཡག་གྲས་ཁ་ཤས་ཁོང་ཚོའི་རུ་ཁག་ནང་འདེམས་ཀྱི་ཡིན་ཟེར་གྱི་འདུག དེ་མིན་རུ་ཁག་གཞན་དུའང་སླེབས་སྲིད་ཀྱི་རེད་བསམ་གྱི་འདུག འཆར་གཞི་གཅིག་དེ་རེད།

དྲི་བ། བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཡིན་ཟེར་དུས་རྐང་རྩེད་སྤོ་ལོ་ཙམ་མ་ཡིན་པར་རྩེད་མོའི་རིགས་གཞན་གང་དང་གང་གོ་སྒྲིག་བྱེད་འཆར་གཞི་ཡོད་དམ།
play_2012_6_5ལན། དང་པོ་དེར་དཔལ་འབྱོར་གྱི་དཀའ་ངལ་གཅིག་རེད། གཉིས་པ་དེ་མང་པོ་ཞིག་ལ་ལག་པ་འཆང་བ་ཡིན་ན། སྔོན་ལ་འགོ་བཙུགས་ནས་རྗེས་སུ་མཇུག་སྐྱེལ་མ་ཐུབ་པ་ཆགས་ན་དེ་ཡང་དཀའ་ངལ་གཅིག་རེད། དང་པོ་འགོ་བཙུགས་པ་དེ་ལས་སླ་པོ་རེད། མཇུག་སྐྱེལ་བ་དེ་དཀའ་ལས་ཁག་པོ་རེད། ང་ཚོའི་འཆར་གཞིའི་ནང་ལ་བཀའ་བློན་ཁྲི་པས་བཀའ་གནང་བ་ནང་བཞིན་རྐང་རྩེད་སྤོ་ལོའི་སྒང་ལ་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད། དངོས་གནས་བྱས་༢༠༠༨ ལོར་གྲ་སྒྲིག་ཆ་ཚང་བྱས་པའི་ཐོག སློབ་གྲྭ་ཁག་གི་འཛིན་གྲྭ་༡༢ ཆ་ཚང་ལ་འགྲན་སྡུར་གྱི་འཆར་གཞི་ཞིག་ཡོད་རེད། ཡིན་ན་ཡང་བོད་ནང་ཞི་རྒོལ་གྱི་ལས་འགུལ་བྱུང་བའི་རྐྱེན་པས་དེ་ཕྱིར་འཐེན་བྱས་པ་རེད། ད་ལོ་ང་ཚོར་འཆར་གཞི་འཛིན་བཅུ་གཉིས་ཀྱི་སློབ་མ་ཚོར་ལག་རྩེད་སྤོ་ལོའི་འགྲན་སྡུར་གོ་སྒྲིག་བྱེད་འཆར་ཡོད། བཏང་མ་བཏང་ཟེར་བ་དེ་སློབ་གྲྭ་སོ་སོ་རེད། ད་མི་སྒེར་གྱི་རྩེད་མོ་བ་རྒྱ་གར་གྱི་རྩེད་མོའི་སློབ་སྦྱོང་བྱེད་སའི་ལྟེ་གནས་ནང་ང་ཚོས་བོད་པའི་མི་བཏང་པ་ཡིན་ན་ཁོ་ཚོས་ཁས་ལེན་གྱི་ཡིན་ཟེར་གྱི་ཡོད། དེར་འགྲོ་འདོད་མཁན་སྒེར་པ་དེ་འདྲ་ཡོད་ན་དེས་ཡོང་གི་རེད་བསམ་གྱི་འདུག ད་ལྟ་ཆ་ནས་ལག་རྩེད་སྤོ་ལོ་དེ་ཨང་གཉིས་པར་བཞག་ཡོད།

དྲི་བ། རྩེད་མོ་འགྲན་སྡུར་འདིར་ལྟད་མོ་བ་ག་ཚོད་འདུག་གམ།
ལན། མི་སྟོང་ཕྲག་བདུན་ཙམ་ཡོད་ས་རེད་བསམ་གྱི་འདུག ད་ལྟ་བར་དུ་ལྟད་མོ་ལྟ་མཁན་མང་ཤོས་འདྲ་བོ་མིན་འགྲོ་བསམ་གྱི་འདུག ལྟད་མོའི་ཆེད་ལག་འཛིན་བཙོང་རིན་དེ་ཡོང་སྒོ་ཆེ་ཤོས་རེད།
དྲི་བ། དགེ་འདུན་པ་རྩེད་འགྲན་ནང་འཛུལ་ཞུགས་ཆོག་གི་རེད་དམ།
ལན། ང་ཚོའི་ངོས་ནས་དེར་དགག་བྱ་མེད། དགེ་འདུན་པས་རྩེ་ཆོག་མི་ཆོག་ཟེར་བ་ཡོད་པ་མ་རེད། དེ་ཡང་ཆ་རྐྱེན་ཚང་དགོས་ཡ་ཞིག་ཡོད་རེད། དེ་ཚང་ན་དགེ་འདུན་པ་ཚོར་གདན་ས་སོ་སོས་འགག་པ་མེད་ན་རྩེ་ཆོག་གི་ཡོད་རེད།།
༢༠༡༢ ལོའི་ཕྱི་ཟླ་༦ ཚེས་༥ ཉིན་བཅར་འདྲི་བྱས།