ཆོས་ཀྱི་རྐང་པ་ཆགས་ནས་ཚན་རིག་གིས་མཐུད་བརྒྱབ་པ།

གྲོགས་པོ་དང་གྲོགས་མོ་ཚང་མ་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་སྙིང་ནས་གུས་པས་ཞུ། སྤྱིར་འཛམ་གླིང་ཞེས་བརྗོད་བྱ་རྒྱ་ཆེ་བས་བདག་གིས་བརྗོད་ག་ལ་ནུས། སྒོས་སུ་བོད་ཡུལ་ཟེར་ན་དེ་ཡང་རྒྱ་ཁབ་གཞན་ལ་བལྟས་ན་བརྗོད་བྱ་རྒྱ་ཆེ་བས་ངས་བརྗོད་པར་མི་སྤོབས། དེས་ན་བོད་ཀྱི་ཆབ་སྲིད་ཀྱི་ཡིན་ནམ་སྙམ་ན་དེ་ནི་དེ་བས་ཀྱང་མ་ཡིན་ཏེ་དེ་ནི་ལོ་རྒྱུས་དཀྱོག་མཚམས་ན་འཁྲུག་ཆ་ཤིན་དུ་དོད་པོ་ཡིན་པས་ང་ལྟ་བུའི་མགོ་ནད་པ་ཞིག་གིས་བརྗོད་པར་ཅུད་དཀའ་ལ། དེས་ན་ཆོས་ཀྱི་སྐོར་ལ་ཅུང་ཟད་ཡིན་ལས་ཆེ་སྙམ་ན་དེ་ནི་མ་ལགས་ཏེ་ཆོས་བཤད་པ་ནི་བདག་ལ་འགན་དུ་མི་འཁྲི་བས་སོ།

དེས་ན་བདག་གིས་ཅུང་ཟད་ཞུ་བར་ཞུ་བར་བྱ་བ་ནི་རང་གི་བསམ་ཚུལ་ཐུང་ངུ་ཞིག་ཡིན་པས་མ་མཚམས་པ་དང་མ་འགྲིག་པ་ཡོད་ས་ལ་ནོར་བཅོས་དང་ཡོ་སྲོང་བྱེད་པར་ཁྱེད་ཅག་ཀློག་པ་པོ་དག་ལ་འགན་དུ་ཆེ་བས་ཁྱེད་ཅག་གིས་ཡིན་ནམ་མིན་གྱི་སོ་ཁ་ལ་ལྟ་དགོས་སོ། རྒྱུ་མཚན་ནི་ཀློག་པ་པོ་ནི་རྩོམ་པ་པོའི་ཁྲིམས་གཅོད་པ་ཡིན་པས་ཡིན་པས་དགོས་ངེས་ཀྱི་སྐད་ཆ་མ་བཤད་ན་རང་གི་འགན་ཁྱེད་རང་ཀློག་པ་པོས་མ་ཐེག་པ་ཞིག་བརྩིས་ཀྱང་མ་ཆོག་མེད་དམ་སྙམ། ངས་བཤད་སའི་མདའ་ཁ་བསྐོར་ས་ནི། གདན་ས་གསུམ་གྱི་གཙོས་པའི་དགོན་པ་ཁག་གཅིག་གིས་ཚན་རིག་གི་ཐོག་ནས་ནང་ཆོས་ལ་ཁ་གསབ་བྱེད་པར་འདོད་པ་དང་། ཚན་རིགས་གི་ཐོག་ནས་ནང་ཆོས་དར་སྤེལ་གཏོང་བ་དང་། ཚན་རིག་གི་ཐོག་ནས་ནང་པ་རྣམས་དུས་རབ་ཉེར་གཅིག་པའི་ཆོས་པ་བྱེད་པར་འདོད་པ་དང་། ཚན་རིག་གི་ཐོག་ནས་ནང་ཆོས་ལ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་འདོད་པ་དང་། ཚན་རིག་གི་ཐོག་ནས་ནང་ཆོས་ཀྱི་ཡོ་བ་དྲང་དུ་སྲོང་བར་བྱེད་པར་འདོད་པ་དག་ལ་ངས་དེ་རིང་གཏམ་འདི་སྨྲ་བར་འདོད་དོ། ཁྱེད་ཅག་གིས་རྣ་བ་བླག་ཏེ་ཉོན་ཅིག་དང་ངས་རྒྱལ་པོའི་བཀའ་ལྟ་བུའི་གཏམ་འདི་བསྒྲག་ནས་ཡོང་རྒྱུ་མེད་ཀྱང་དོན་དང་ལྡན་ལས་ཆེ་སྙམ་པའི་དོན་འགའ་ཞིག་བཤད་པར་འདོད། ཐོག་མར་ངས་ཁྱེད་ཅག་དྲི་བ་ཞིག་ཡོད་པ་དེ་ནི། ནང་ཆོས་ལ་ཚན་རིག་གིས་ལྷན་ཐབས་སུ་བཀོད་དགོས་པའི་རྒྱུ་མཚན་དེ་ནང་ཆོས་ཀྱི་མ་འདངས་ས་དང་ཚན་རིག་གིས་ཁ་གསབ་མ་བྱས་ན་ནང་ཆོས་གཅིག་པུས་སངས་རྒྱས་གཅིག་ཀྱང་རྒྱ་མི་ཐུབ་པ་དེ་ཨེ་རེད། དེང་སངས་གྲུབ་པ་ཐོབ་ནས་གནམ་ལ་འཕུར་མཁན་དང་ས་ལ་འཛུལ་མཁན་སྔོན་གྱི་རྗེ་ཡབ་སྲས་སོགས་ལྟ་བུ་མེད་པ་དེ་ནང་ཆོས་དེ་ཚན་རིག་གིས་ཁ་གསབ་མ་བྱས་པས་ལན་པ་དེ་ཨེ་རེད། ང་ལྟར་ན་དེ་ལྟར་ཡིན་པར་ཅིས་ཀྱང་མི་འདོད་དེ་། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་དུས་རབ་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས་པ་རེད་ཟེར་བ་དེ་གཅིག་ཏུ་ན་ཁྱེད་ཅག་གིས་དེ་ལ་གོ་བ་མ་ལོན་པ་ཡིན་པ་འདྲ། ཡང་མིན་ན་ཁྱེད་ཅག་གིས་གོ་བ་ལོན་རྒྱུ་མང་དྲག་པ་དེ་ཡང་ཡིན་ལས་ཆེ། དེ་ཡི་གོ་བ་ལེན་ཕྱོགས་དེ་ནི་ཆོས་པ་ཡིན་ན་ཆོས་པའི་གོ་ཆོད་པ་ཞིག་བྱེད་དགོས་པ་དེ་དུས་རབ་འདི་ཡི་ཉེར་གཅིག་པའི་ཆོས་པ་ཆགས་གསུང་པ་ཡིན་པ་ལས་། ཁྱེད་ཀྱིས་ཡོད་ཚད་ལ་སྤྱོང་ནས་མཛུ་གུ་བཅུ་ཡི་ལྗི་བ་བཅུ་ནོན་དགོས་ལ། དེ་ལྟ་བུ་ཡོང་ན་གཞི་ནས་དུས་རབ་འདི་ཡི་ནང་པ་མཚན་ཉིད་པ་ཞིག་ཆགས་ཐུབ་པ་རེད་ཅེས་བཀའ་སློབ་གནང་ཡོད་པར་བདག་གིས་ཡེ་ནས་མི་སེམས། ཟླ་གཅིག་གི་གོང་དུ་ལྷོ་ཕྱོགས་ཀྱི་ཡུལ་ཀ་ཤེད་ན་དགོན་པ་ག་གེ་ཞིག་གི་ནང་དུ་བསྒྲུབ་ཁང་ཞིག་གསར་བཞེངས་བྱས་ནས་དཔེ་ཆ་ཡག་པོ་ཤེས་མཁན་དེ་ཚོས་ཆོས་ཉམས་ལེན་བྱེད་སའི་བསྟི་གནས་ཞིག་དབུ་འབྱེད་མཛད་སྒོ་བྱས་ནས་བློ་སྦྱོང་ནས་དུས་རབ་འདིས་ཆོས་པ་རྣམ་པར་དག་པ་ཞིག་བྱེད་པ་དེ་མར་ཆབ་ཁང་དང་གསང་སྤྱོད་ཀྱི་འོག་ལ་མར་མནན་ནས་དེ་ཡི་ཚབ་ལ་གྲ་པས་ཚན་རིག་སྦྱོང་ས་ཞེས་པ་ཞིག་དབུ་འབྱེད་མཛད་སྒོ་བྱེད་པ་ཞིག་གོ་ཐོས་བྱུང་ན། ལྟས་བཟང་ཡིན་ན་ཤིན་དུ་བཟང་བར་གྱུར་ཅིག ལྟས་ངན་པ་ཡིན་ན་ལྟས་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་ནི་བཟློག་རེ་རན། དེ་ནི་སྔོན་དང་ད་ལྟ་ཀུན་ཏུ་ནུབ་ཕྱོགས་པ་དག་ཡར་རྒྱས་ཕྱིན་པར་མང་དྲག་པས་རྐྱེན་པས་འབུ་གྲོག་མ་ཡན་ཆད་ལ་བརྟགས་དཔྱད་ཞིབ་འཇུག་བྱས་ནས་མཐར་ལས་རྒྱུ་དང་བྱེད་རྒྱུ་མང་དྲག་ནས་འཛམ་གླིང་འདི་ན་མི་དུང་ཕྱུར་ནས་དུང་ཕྱུར་མང་པོ་སྐྱེན་ལམ་ཏུ་བཏང་བའི་ཀོད་ཆགས་ངན་པ་འདི་དག་ཚན་རིག་གིས་བཟོས་པ་ཡིན་ལ། ་ད་ནི་ཁྱེད་ཅག་གིས་ཀྱང་ཚན་རིག་གི་བརྟགས་ཁང་ཆེ་ཐག་ཆོད་ཅིག་གསར་བཞེངས་དང་དེ་ལྟ་བུ་དབུ་འབྱེད་དང་མཛད་སྒོ་བྱས་ནས་ཚན་རིག་ལམ་ནས་ཅིག་མང་པོ་ཞིག་བྱེད་རྒྱུ་ཡོད་པར་འདོད་ནས་གྱིས་ཤིག་དང་། དེ་རྗེས་སུ་ནང་ཆོས་དེ་ཡང་དེ་འདྲ་ཉེན་ཁ་ཅན་ཞིག་དང་ཀུན་གྱི་ཡིད་མི་ཆེས་ས་ཞིག་དང་མ་འོངས་ནང་ཆོས་གིས་ཚན་རིག་ཟེར་བ་དེ་ཡིས་འཇིག་རྟེན་ཕུང་དུ་བཅུག་པ་རེད་ཟེར་བ་ཞིག་གྱིས་ཤིག་དང་དེ་ནས་ངས་ཁྱེད་ཅག་ལ་ངས་རྟིང་གདབ་པར་བྱའོ། ཁྱེད་ཅག་གིས་ད་བར་དུ་ལོ་ཉི་ཤུ་ཙམ་གྱི་རིང་ལ་ནང་ཆོས་ལ་སྦྱོང་བ་བྱས་ནས་དེ་ཡི་མཇུག་འབྲས་ལ་ནང་ཆོས་ཀྱིས་ཅིག་འདངས་ཀྱི་མེད་པའི་རྣམ་པ་གསར་པ་ཞིག་རྟོགས་ནས་ད་གཟོད་ཚན་རིག་གི་རྗེས་སུ་བྱེད་འོང་པར་འདུག་པས་ད་གཟབ་རན་པ་མ་སྔ་མ་འཕྱི་ཞིག་ཡིན་པར་གོར་མ་ཆགས་ལ། དེ་ནས་ཁྱེད་ཅག་གིས་འབུ་གྲོགས་མ་ཡན་ཆོད་ལ་བརྟགས་དཔྱད་བྱས་ནས་ཅི་ཡིན་འདི་ཡིན་མེད་པ་ཚང་མ་ལ་སྦྱོང་ནས་མཐར་རྡུལ་ཕྲན་མཚོན་ཆ་འཇིགས་སུ་རུང་བ་དག་ཀྱང་བཟོ་ངེས་པར་དུ་བཟོས་ཤིག དེ་མ་བཟོས་ན་ཚན་རིགས་ཕྱེད་ཀ་མ་ཞིག་ནི་ཁྱེད་ཅག་སྦྱོང་ཡང་མི་སྦྱོང་ལ། དེ་ཡིས་ཁྱེད་ཅག་གོ་ཡང་མི་ཆོད། དེ་ཡི་རྗེས་སུ་དེ་ཡི་ཚོད་ལྟ་དང་དེ་ནས་དམག་གིས་དངོས་སུ་བེད་སྤྱོད་དང་གཞན་ཡང་ཚན་རིག་གི་ལམ་ནས་ཐོན་སྐྱེད་མང་དུ་བྱས་ནས་ཚོང་ཁང་ཆེན་པོ་དང་ཐོག་བརྩེགས་མཐོན་པོ་ཅན་དག་གྱིས་ཤིག་དང་དེ་ནས་སྒོར་མོ་མང་པོ་འཕེལ་ཡོང་ལ། དེ་ཡི་དུས་སུ་ཁྱེད་གཞི་ནས་དུས་རབ་ཉེར་གཅིག་པའི་ནང་པ་ཆགས་རྒྱུ་རེད་། དེ་ནས་ཁྱེད་དགའ་ལྡན་ཁྲི་རིན་པོ་ལ་མངའ་གསོལ་བའི་མཛད་སྒོ་ཕེབས་རན་སོང་བ་རེད་ལ། དེ་ཡི་དུས་སུ་མི་མང་ནས་ཡང་ཁྱེད་ཀྱི་མཛད་སྒོ་ལ་རྟེན་འབྲེལ་ཞུ་ཡོང་། དེ་ཡི་སྐབས་སུ་ཁྱེད་ཀྱི་ཕྱག་ཤིང་བལ་ལྟར་འཇམ་པ་དེས་སངས་རྒྱས་ཤཀྐྱ་ཐུབ་པའི་ཞབས་རྐང་ལ་ཐག་པ་སྦོམ་ལ་རིང་བ་ཞིག་བཏགས་ལ་འཐེན་ཤིག་དང་། དེ་ཡི་སྐབས་སུ་ཁྱེད་དུས་རབ་ཉེར་གཅིག་པའི་ནང་པ་ཡིན་པས་ཁྱེད་མར་འདྲུད་ཐུབ་ངེས་པ་ཅན་དུ་ཡིན་པས་དེ་ཡི་སྐབས་སུ་ཁྱེད་ཀྱི་ཆོ་འཕྲུལ་དེ་ལྟ་བུ་སྟོན་རྒྱུ་མ་བརྗེད་། དེ་དང་མཉམ་དུ་ཁྱེད་ཀྱིས་ཞལ་གསུང་དྲོན་མོ་ལས་ཀྱང་འདི་ལྟར་གསུང་དངོས་སུ་འབྱོན་དགོས། ཤཀྐྱ་ཐུབ་པའི་ཞབས་ལ་ལྷ་རྒྱལ་ལོ་ཟེར་བ་དེ་ལན་གསུམ་གྱི་བར་དུ་བསྐྱོར་དགོས་། དེ་ནི་སེར་འབྲས་དགའ་གསུམ་དང་། ཡང་ནས་རྗེ་ཡབ་སྲས་གསུམ། ཡང་ན་རིགས་གསུམ་མགོན་པོ་སོགས་ལ་ད་ལྟ་བར་དུ་ཁྱེད་ཀྱིས་ཚན་རིག་གིས་ནང་ཆོས་ལ་ཁ་གསབ་བྱས་ནས་གྲུབ་འབྲས་གཟེངས་སུ་དང་འབུར་དུ་ཐོན་པ་དེ་ད་ལྟ་བར་དུ་ཁྱེད་ལ་ཕན་དུ་བྱས་པ་ལ་དྲིན་གཟོ་བ་དེ་ཡང་མཚོན་ཐུབ་ལ། དེ་ནས་ཁྱེད་ནི་ཚན་རིགས་ལ་ཤིན་དུ་མཁས་པར་གྱུར་ནས་ཆོས་ལ་བསྟེན་མི་དགོས་པར་ཚན་རིགས་རྐྱང་རྐྱང་གིས་སངས་རྒྱས་ཀྱི་གོ་འཕང་ལ་ཕེབས་འགྲོ་བར་ངེས། དེ་ཙ་ན་ས་སྟེང་འདི་ཐམས་ཅད་ཀྱང་ཁྱེད་ཀྱི་ཚན་རིགས་ཀྱི་ལག་རྩལ་གྱི་ནུས་པ་ལ་བརྟེན་ནས་ས་སྟེང་འདི་ཐམས་ཅད་ཀོ་བས་གཡོག་ནས་། རྡོ་དང་གསེག་མ་ལ་སོགས་པ་མིག་གི་མཐོང་ཡུལ་དུ་ཡང་མི་གྱུར་བར་བྱེད་པས་ན་ལྷམ་གཅིག་ཀྱང་གྱོན་མི་དགོས་པས་པར་གྱུར་ཏེ་འཛམ་གླིང་ལྷམ་ཚོང་ཆེན་པོ་དག་ན་ལྷམ་ཉོ་མཁན་གཅིག་གཉིས་རེ་མ་གཏོགས་མི་ལྷག་པར་གྱུར་ཏེ་། མཐར་རྒྱ་ནག་གི་བཙོན་པའི་ལྷམ་བཟོ་ཁང་དག་ཀྱང་མེད་པར་གྱུར་ཏེ་བོད་ཀྱི་བཟོ་པ་བཙོན་པ་རྣམས་ཀྱང་ཀློད་བཀྲོལ་ཐོབ་ཏེ་། དེ་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉམས་ཉེས་ཆེན་པོ་ཐེབ་ནས་འགྲོ་སོང་མ་འདངས་བར་གྱུར་ཏེ་གཞུང་གི་སྒྲིག་གཞི་ཡང་རིམ་གྱིས་ཞིག་སྟེ་བོད་རང་བཙན་ཐོབ། དེ་དུས་ཁྱེད་ཀྱིས་ཚན་ཪིག་བཟོས་པའི་ཤོག་བྱ་བརྟེན་ནས་ཁྱེད་མགྱོགས་མྱུར་དུ་བོད་དལ་ཕེབས་དགོས་། དེ་བོད་ནང་ན་ཡོད་པའི་མི་དག་གིས་ཀྱང་ཁྱེད་ལ་ཤོག་བུའི་ཁ་བཏགས་ཀྱིས་བསུ་མ་བྱེད་། ངས་དེ་ལྟར་ཟེར་དགོས་དོན་དེ་ཡང་གཏམ་བཤད་ནས་སེམས་ལ་མ་ཕོག་ན་ཚོར་སྣང་ཅི་ཡང་སྤྲོད་མི་ཐུབ་ལ། གཏམ་འདི་སེམས་ལ་ཕོག་ནས་གཞི་ནས་གོ་བ་དང་བློ་སྐྱེད་ཞིག་རག་རྒྱུ་ཡོད་དེ་ལེན་པར་གྱིས་ཤིག དེ་བས་ན། གཏམ་འདི་ཀུན་ལ་ཕོག་གྱུར་ཅིག །ཕོག་ནས་གོ་བ་སྐྱེ་གྱུར་ཅིག །ཅེས་ཐུག་སྨོན་མཛད་པ་བཞིན་ནོ། གདམ་ངག་གི་མཆོག་ནི་མཚངས་ཐོག་གི་སྒོལ་བ་ཞེས་པ་དེ་ཡིན་པར་དྲན་པར་གྱིས་ཤིག ཞེས་པ་འདི་ནི་སྦིར་ལུང་རིགས་ཀྱི་ལྗོན་པས་བསིལ་བ་བྱིན་པའི་སྡིང་ཁང་གི་ཡང་ཐོག་དུ་བྲིས་པ་དགེ་གྱུར་ཅིག སྡིག་པར་མ་གྱུར་ཅིག མཛའ་བར་གྱུར་ཅིག མི་མཛའ་བར་མ་གྱུར་ཅིག དོན་ཆེན་ཐོག་ཏུ་མ་བབས་པའི། ། དུས་ནས་ཐབས་དང་རིམ་གྲོ་བྱ། ། ཆུ་ལོན་སྔར་ནས་མ་བརྩིགས་ན། ། བྲུབ་ནས་འོལ་ཁ་བསྒྱུར་བ་དཀའ། ། ཆོས་ལ་ཆོས་ཀྱིས་མ་འདངས་བའི་ཐོག་ནས་གཞན་གྱིས་རོགས་རམ་བྱེད་དུ་རེ་བ་དེ་ནི་ཐོས་པ་ལ་སྔར་ནས་བསླད་ཞུག་ཚར་བ་ཡིན་པར་ཟད་ཀྱིས་དེ་ནས་བཟུང་སྟེ་རིམ་གྱིས་བསམ་པ་ལ་ཡང་བསླད་ཀྱིས་གོས་ཤིང་བསྒོམ་པ་ཡང་ཁྲ་ཁྲ་ཆགས་ནས་བསྒོམ་ཁྲ་ཆགས་ཡོང་། དེ་ལྟར་ལྟ་བ་ལ་ཚན་རིགས་ཀྱི་ངན་རུལ་གྱི་གང་ནས་བསྒོམ་པ་ཡང་འཆོལ་ཉོག་ཅན་དུ་གྱུར་ཏེ་། ལྟ་མཚངས་སྤྱོད་པས་ཕུད་གསུང་པ་བཞིན་སྤྱོད་པ་ཡང་ཚན་རིག་དང་ཐག་ཉེ་བར་ཆགས་ནས་ནང་པ་ལས་རྒྱབ་འགལ་དུ་ཕྱིན་ཏེ་བྱེད་སྟངས་ཚངས་མ་དེངས་རབ་མཐུན་པ་དགོས་ངེས་པས་དེང་རབས་དང་མཐུན་པ་དང་གཞས་ཞབས་བྲོ་དང་མཚན་ཚོགས་ཁང་དང་། དེ་ནས་བདག་མེད་ཡིན་ན་གང་དྲན་དྲན་ཡིན་པས་ཁྱབ། དེ་ནི་ལྟ་བས་ལན་པ་ཡིན་པས་ཅིས་ཀྱང་གཟོབ་འཚལ།། དེ་ནས་ཆོས་ཀྱིས་གོ་མ་ཆོད་པ་ལྟ་བུ་ཞིག་ཏུ་ཧ་གོ་ཏེ་ཆོས་ལ་སྐྱོན་བརྗོད་བྱེད་པའི་མགོ་རྩོམ་པ་ཡང་མི་སྲིད་པ་ཞིག་མིན། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུང་པ་དེ་དྲན་པར་གྱིས་ཤིག་བརྗེད་པར་མ་གྱུར་ཅིག །། །།