ས་རཱ་མཐོ་སློབ་དང་མཐར་ཕྱིན་སློབ་མ་དག་མོལ་བ།

ཨ་འདུས་མིག་ཆུ། (རྡ་ས)
བཙན་བྱོལ་ནང་ལ་མཚོན་ན་བོད་ཡིག་ཁོ་ནའི་མཐོ་སློབ་ཉུང་ཞིང་། དེ་ལས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཆེད་སྦྱོང་བྱ་སའི་མཐོ་སློབ་ཧ་ཅང་ཉུང་ཉུང་ལས་མེད།

བོད་ཡིག་མཐོ་སློབ་ཀྱི་མིང་ཙམ་འཛིན་པ་ལྟོས་འཇོག་གིས་ས་འདིར་མང་ཙམ་ཡོད་ནའང་བོད་ཡིག་ཁེ་གཙང་གི་མཐོ་སློབ་ཅིག་ཡོད་པ་ནི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་འབའ་ཞིག་ལས་མེད།

དེ་ནི་སྐུ་ངོ་དཔོན་ཆེན་དང་། ཕྱུག་པོ་འབྱོར་ལྡན་སུས་ཀྱང་བསྐྲུན་པ་མ་ཡིན་པར། ཟླ་གམ་ཁེར་རྐྱང་དང་རས་གཟེར་ཐེར་རྐྱང་བནབས་པའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་ཕྱག་བཏབས་མཛད་ཅིང་། བོད་ཕྱི་ནང་གི་ལོ་རྒྱུས་སྟེང་སྒེར་བ་ཞིག་གིས་མཐོ་སློབ་ཅིག་གསར་བཙུགས་མཛད་པའི་ཐོག་མའི་དབུ་ཁྱུད་རེད་ཅེས་བཤད་ཀྱང་མི་འཐད་པ་གཏན་ནས་མེད་སྙམ།

མཐོ་སློབ་འདི་ནས་རང་ཉིད་མཐར་ཕྱིན་སོང་བའི་མངོན་མེད་ཀྱི་ཞེན་པ་ཙམ་མ་ཡིན་པར་དོན་དངོས་ནས་བལྟས་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་བོད་སྐད་ཡིག་རིག་གནས་ཀྱི་སྒལ་ཚིགས་འདི་ཉིད་དོ་ཞེས་བཤད་པ་ལ་སྐྱོན་གང་ནས་ཡོད་སྙམ་མོ།།

སྤྱིར་བཏང་འདི་ནས་མཐར་ཕྱིན་ཚད་ལ་བོད་ཡིག་གི་ཤེས་ཚད་ལེགས་པོ་ཞིག་ཡོད་དགོས་པའི་ངེས་པ་མེད་ཅིང་། འདི་ནས་ཕྱིན་སོང་བའི་མཐོ་སློབ་པ་དག་ནི་ལངས་ཕྱོགས་བརྟན་པོ་དང་། མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་བླ་ལྷག་ཏུ་དཀར་དགོས་པ་ནི། རྩ་བའི་རྩ་བ་དང་། སློབ་གསོའི་ལྟེ་བ་འཛིན་བཞིན་ཡོད།

སྤྱི་ཚོགས་ཁྲོད་དམ་དྲ་ཐོག་གི་ལངས་ཕྱོགས་དང་ཁ་ཕྱོགས་གང་ཡང་མེད་པའི་གྱང་ཁའི་རྩྭ་གཟུགས་ལྟ་བུའམ། ཆུ་སྣེ་གང་འཁྲིད་ལྟ་བུ་དག་གི་གཤིས་ལུགས་ཅན་ཞིག་མ་ཡིན་པར་གཙོ་བོ་བོད་ཀྱི་ཆོས་རིག་ལ་དགའ་ཞེན་བྱེད་ཅིང་། བོད་ཀྱི་ཆོས་རིག་གི་བདག་པོ་ངོ་མ་རུ་གྱུར་བའི་བོད་མང་ཚོགས་ཀྱི་སེམས་འདུན་རྩེ་གཅིག་ཏུ་གཏད་སའི་༧རྒྱལ་བ་བཅུ་བཞི་པར་ནམ་ཡང་ངོ་ལོག་དང་། རྒྱབ་འགལ་མི་བྱ་རྒྱུའང་འདི་ཚང་གི་དགེ་རྒན་དག་གིས་བླ་ན་མེད་པའི་སློབ་གསོ་གལ་ཆེན་དང་། དོན་སྙིང་ལྡན་པའི་ལམ་སྟོན་བྱ་རྒྱུ་ཉག་གཅིག་ཡིན།

གང་ལྟར་ས་རཱ་མཐོ་སློབ་ནས་བོད་སྐད་ཡིག་རིག་གནས་ལ་དུང་ཞེན་ཟབ་པའི་མཐོ་སློབ་པ་གསོ་སྐྱོང་མཛད་ནས་ད་བར་སྐབས་བཅུ་གཅིག་སོང་ཞིང་། སྐབས་བཅུ་གཅིག་བར་དུ་ཕྱིན་པའི་མཐོ་སློབ་པ་དག་སྤྱི་ཚོགས་ཁྲོད་དུ་ཕྱིན་པ་ནས། ཁོང་དག་གིས་ལས་རིགས་སོ་སོའི་ངོས་ཐད་ནས་འབད་པ་བྱས་ཤིང་། གཙོ་བོ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་རྒུད་ཕྱོགས་ནས་གོང་འཕེལ་ཡར་དར་གྱི་ཕྱོགས་ལ་བརྩོན་པ་དང་འབད་འབུངས་བྱེད་ཀྱིན་ཡོད་པ་མ་ཟད། བོད་སྐད་ཡིག་རིག་གནས་ཀྱི་རླབས་ཆེ་བའི་དགེ་རྒན་གྱི་རྨང་གཞིའང་གཙོ་བོ་འདི་ནས་ཐོན་པ་དག་གིས་བཟུང་ནས་ཡོད།

ངས་བསམས་ན་མཐོ་སློབ་འདི་ནས་མཐར་ཕྱིན་སོང་བའི་མཐོ་སློབ་པ་དག་གིས་བོད་སྐད་ཡིག་རིག་གནས་ཀྱི་ཕྱོགས་ནས་ལས་དོན་བྱ་དགོས་ཤིང་། བོད་སྐད་ཡིག་གི་ཤི་གསོན་གྱི་སོ་མཚམས་ནས་ཚེ་སྲོག་གི་དབུགས་རྒྱུན་མི་ཆད་པའི་བདུད་རྩིའི་སྨན་མཆོག་ཅིག་བྱ་དགོས་པ་ནི། ས་རཱ་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་དག་གི་ཕྲག་ཏུ་བབས་པའི་ལས་འགན་གཡོལ་དུ་མེད་པ་ཞིག་རེད་སྙམ།

སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་སོ་སོར་འབད་པ་བརྒྱ་ཕྲག་གིས་གཞོལ་བཞིན་པའི་ས་རཱའི་མཐར་ཕྱིན་སློབ་མ་དག་གིས་འདི་ལྟར་བྱས་ཚེ། མཐར་ཕྱིན་སློབ་མ་དག་ནི་ད་ཡོད་ཀྱི་ས་རཱ་མཐོ་སློབ་ཏུ་གནས་འཆའ་བའི་བོད་པའི་གཞོན་རབས་ན་ཆུང་རྣམས་ཀྱི་མིག་གིས་ཡར་ལྟོས་བྱ་ས་དང་། རྣ་བས་གཟབ་ཉན་བྱ་ས་ཉག་ཅིག་བྱེད་ངེས་ལ། བོད་སྐད་ཡིག་རིག་གནས་ཀྱི་ཆག་འཇིག་དང་།
རྒུད་མཐའ་ལས་གྲོལ་བ་འབའ་ཞིག་ཀྱང་འདི་ཉིད་ཁོ་ན་ཡིན་ངེས།

ས་རཱ་མཐོ་སློབ་ལ་ནམ་ཡང་ཁ་གཏང་རྒྱུར་དགའ་བའི་དྲ་འབུ་དག་གིས་ཅི་བཤད་པ་དང་། ཕྲག་དོག་གིས་དཔུང་མགོ་ན་བའི་ཞ་ར་དག་གིས་གང་གླེང་ཡང་། ས་རཱ་མཐོ་སློབ་ནི་ནམ་ཡང་བོད་སྐད་ཡིག་རིག་གནས་ཀྱི་ཚེ་སྲོག་གོ བོད་སྐད་བོད་ཡིག་གི་དར་ཆའོ་ཞེས་པའི་བླ་སྤོབས་སྙིང་ལ་དམ་པོར་བཅངས་ནས། བོད་སྐད་བོད་ཡིག་སྲུང་འཛིན་བྱེད་པའི་དམག་མི་འབའ་ཞིག་བྱེད་དགོས།
བོད་ནི་ནམ་ཡང་འུ་ཚོའི་སྙིང་ཉེ་ས་དང་། བློ་བཅོལ་སའི་གཞི་མ་དེ་ཡིན་དུས། འུ་ཚོ་ནི་དུས་འགྱུར་ཏེ་གང་ཞིག་ཏུ་གྱུར་སོང་ནའང་བོད་འདི་སྒལ་ཚིགས་ཀྲོང་ངེར་སློང་མཁན་དང་། བོད་མི་རིགས་ཀྱི་ཚེ་སྲོག་གི་དྭངས་མར་གྱུར་བའི་སྐད་ཡིག་གི་རྒུད་མཐའ་ནས་སྐྱོབས་པའི་དེད་དཔོན་འབའ་ཞིག་བྱ་དགོས་པ་ཅིས་ཀྱང་ཡིད་ཀྱི་གསོས་སུ་ཉར་དགོས་ཨང་།