ཧི་མ་ལ་ཡའི་རི་འདབས་ནས་དྲན་སྟངས་ཤིག།

  ཡོད་ཚད་རྨི་ལམ་གྱི་ཨ་ལོང་ལ་དྲང་བའི་འཁྱམས་པོ་ཞིག་གི་སྒོ་གདན་ན་ལྷོག་ལྷོག་ཏུ་ལྡང་བའི་ཁྲག་དམར་ཞིག་སྟེ། སུས་ཀྱང་ལྟ་མི་བཟོད་པའི་སྣང་བརྙན་དེ། ཧ་ཅིང་འཇིགས་རྔམ་ཅན་གྱི་ཧི་མ་ལ་ཡའི་རི་འདབས་ནས་ལྷོད་ཀྱིས་བཞུར་དུས། གངས་སེང་སྟོང་གི་ལོ་རྒྱུས་ཡོད་ཅིང་། མེས་པོ་འབུམ་གྱི་ཕྱག་རྗེས་བདོག་པའི་ཕ་ཁྱིམ་སྨུག་པོར་གས་ཆག་སོང་བ་གཞི་ནས་རྟོགས།

 དུས་ཚོད་ཅི་ཡང་མ་འགོར་བའི་འཕྲོ་རིམ་ཞིག་ནས་དུད་ནག་གི་རླུང་འཚུབ་ཅིག་གིས་རིན་ཆེན་ཚེ་སྲོག་གིས་བསྐྲུན་པའི་ཕུང་པོ་དག་གཅིག་རྗེས་གཉིས་མཐུད་དུ་མི་ཡུལ་ནས་རྒྱང་ཕུད་དུ་བཏང་དུས་། ཧི་མ་ལ་ཡའི་རི་འདབས་ན་བཀྲེས་སྐོམ་གྱིས་གདུང་བའི་འཁྱམས་པོ་ཞིག་གིས་སྨྲེ་ངག་གི་རི་ལུང་བཀང་ཞིང་། མིག་ཆུ་དང་ངུ་འབོད་ཀྱི་ས་སྟེང་ཁྱབ་ཏུ་བཅུག། འདི་ནི་ཧི་མ་ལ་ཡའི་རི་འདབས་ན་བདོག་པའི་གསར་བུ་ཞིག་གི་གཏམ་རྒྱུད་དམ། མིག་སྔར་ནས་བཞུད་ཟིན་པའི་སྤུན་ཟླ་དག་གི་ཤུལ་བཞག་ཀྱང་ཡིན་སྲིད།

སུ་ལ་ཡང་གསང་རྒྱ་མི་བཏུབ་པའི་སྣང་གསལ་གྱི་སྒྲོན་མེ་ཞིག གང་གིས་ཀྱང་འགྲེལ་ལོག་སྐྱོན་མི་ཤེས་པའི་དངོས་ཡོད་ཀྱི་ཆོས་ཉིད་ཅིག  བལྟས་བལྟས་རིག་རིག་ལ་ཚེ་འབར་སྐོང་བུ་གང་གི་གྲིབ་གཟུགས་སུ་ཕབ་ཏེ། བདེན་པ་ཞིག་གི་ཆེད་དུ་མཆོད་མེར་བསྒྲོན་དུས། ཧི་མ་ལ་ཡའི་རི་འདབས་ཀྱི་གཡུལ་ས་འདི་ལ་འོད་སྣང་གི་གཟི་འོད་སྦྱིན་སོང་ལ། ཁུ་སིམ་གྱི་མཚན་ལྗོངས་ཚུན་ཆུད་ཀྱང་འདྲ་མཉམ་དང་རང་དབང་གླེང་སའི་གར་སྟེགས་ཤིག་ཏུ་གྱུར། འདི་ནི་ཧི་མ་ལ་ཡའི་རི་འདབས་ནས་མཆེད་པའི་ངར་ཤུགས་གསར་བ་ཞིག་དང་། ཡུན་རིང་ལ་མ་འབུས་པའི་མྱུ་གུ་ཐོག་མ་དེའང་ཡིན་སྲིད་ཨང་།

མདོར་ན་མེ་ཞགས་ཀྱི་བཞེངས་པའི་ཕུང་པོ་ལ་རིན་ཐང་མེད་ཀྱང་ཆོག འགད་རྫས་དང་མེ་མདའི་དབར་གྱི་མདེའུ་ལ་ནུས་ཤུགས་མེད་ཀྱང་ཆོག གནས་ལུགས་ལ་འཁྱོག་འགྲེལ་བྱེད་པའི་ཁྲེལ་མེད་ཀྱི་གསང་བ་རེ་རེ། ཧི་མ་ལ་ཡའི་རི་འདབས་ནས་རྡོལ་ཏེ། གོ་ལ་ཆུང་ཆུང་ཞིག་གི་ཐོས་འཛིན་གྱི་བུ་གར་བརྒྱུས་ཏེ། ལོག་འགྲེལ་ལ་དགའ་བའི་བྱིས་པ་དག་ངོ་གནོང་དུ་འཇུག་དུས། རྒྱུས་མེད་ཀྱི་སྡེ་མཐའ་ལ་རླན་པའི་རྐང་རྒོད་ཀྱི་ཁྱུ་ཚོགས་འདི་བཞིན་དཔང་བོ་ཞིག་གི་ཤུལ་འཛིན་ཡིན་པ་གཞི་ནས་རྟོགས།                                                                                                                                                                      ༢༠༡༢་ཟླ་བ་༦་ཚེས་༨་ཉིན་བྲིས།