ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ག་རེ་ཡིན།

༢༠ ༠༩ ་ལོ་ནས་བཟུང་བོད་ནང་ད་བར་མི་གྲངས་༣༤  ཡིས་རང་མི་རིགས་ཀྱི་བདེན་དོན་ཕྱིར་སྐུ་ལུས་ཞུགས་འབུལ་ཕུལ་ཡོད་པ་དང། དེའི་ནང་གི་༢༤  སྐུ་སྲོག་ཤོར་ཚར་བ་རེད།  ཕྱི་ལོ་༢༠༡༢  ཟླ་༣  ཚེས་༢༦ ཉིན་རྒྱ་གར་ལྡི་ལི་གསར་པར་བོད་ཁམས་རྟའུ་ནས་ཡིན་པའི་གཞོན་སྐྱེས་རང་ལོ་ ༢༧ སླེབས་པའི་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་ཞུགས་འབུལ་ཕུལ་ནས་སྐུ་སྲོག་ཤོར་བ་དང།  ༢༠༡༢  ལོའི་ཟླ་༣  ཚེས་༢༨  ཉིན་རྔ་བ་རྫོང་གཅའ་ཞང་རྭ་རུ་བའི་སྤེན་པ་ཚང་གི་བུ་བློ་བཟང་ཤེས་རབ་ཀྱིས་སྐུ་ལུས་ཞུགས་འབུལ་ཕུལ་ཏེ་དེ་མུར་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད། 

༢༠༡༢ ལོའི་ཟླ་༣་ཚེས་༣༠ ཉིན་།  རྔ་བ་ནས་ཡིན་པའི་དགེ་འདུན་པ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་གཉིས་ཀྱིས་རང་ལུས་ཞུགས་འབུལ་གནང་རྗེས་ཉེན་རྟོག་པས་འཛིན་བཟུང་གིས་ད་བར་ག་སོང་ཆ་མེད་དུ་གྱུར་ཞིང་།  གནས་སྟངས་གསལ་རྟོགས་མེད་པ་རེད།
ཤེས་གསལ་ལྟར་ན་འཇམ་དཔལ་ཡེ་ཤེས་ཀྱི་རོགས་པ་གཞན་ཞིག་གིས་ཀྱང་ད་ལྟའི་ཆར་སྐུ་ལུས་ཞུགས་འབུལ་གྱི་གྲ་བསྒྲིག་བྱེད་བཞིན་པར་བརྟེན་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགས་ཁོང་ལ་ལྟ་རྟོགས་འོག་གནས་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག
ང་ཚོའི་བོད་མི་རིགས་འདིའི་བདེན་དོན་འཐབ་རྩོད་འདི་བགྲང་བྱ་ཧྲིལ་པོ་༥༣ རྒྱུན་མཐུད་བྱེད་བཞིན་ད་བར་གནས་མུས་ཡིན་པ་འདི་གཙོ་བོ་ལྷག་བསམ་དང་སེམས་ཤུགས་ཅན་གྱི་དཔའ་རྒོད་ཚོས་འབད་འབུངས་ཧུར་བསྐྱེད་བྱས་པའི་འབྲས་བུ་ལོས་ཀྱང་ཡིན།  འོན་ཀྱང་ད་བར་འཐབ་རྩོད་འདི་གནས་མུས་ཙམ་ལས་རང་མི་རིགས་ཀྱི་དགོས་འདུན་དངོས་དེ་གྲུབ་མེད་པ་འདིའང་ཧ་ཅང་གསལ་པོ་རེད། ང་ཚོའི་མིག་སྔར་མཐོང་ཐུབ་པའི་ཆབ་སྲིད་ཀྱི་དམིགས་ཡུལ་གཙོ་བོའི་ཁ་ཕྱོགས་གཉིས་ཡོད་པ་ནི་དབུ་མའི་ལངས་ཕྱོགས་ལྟར་ན་ཆོལ་གསུམ་ཆིག་བསྒྲིལ་གྱི་ཚད་མཐོ་རང་སྲིད་རང་སྐྱོང་ཡོང་ཐབས་དང།  བོད་རྒྱལ་ཁབ་འདི་སླར་གསོ་ཡོང་ཐབས་ཀྱི་རང་བཙན་གྱི་ཐོབ་ཐང་རྩོད་རྒྱུ་འདི་གཉིས་རེད། དེ་མིན་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་ཞིག་ཡོད་ཀྱང་ད་བར་རྒྱ་ཁྱབ་སོང་མེད།
ད་ལྟའི་ཆར་བོད་གཞིས་བྱེས་གཉིས་ནས་ཚེ་སྲོག་དོར་ནས་རང་དབང་རྩོད་ལེན་གནང་མཁན་གཅིག་རྗེས་གཉིས་མཐུད་ཀྱི་གནས་སྟངས་འདི་དུས་ཡུན་ནང་འགོག་ཐབས་དཀའ་བ་ཞིག་སྣང། སེམས་སྐྱ་མོ་གདུང་བས་ཁེངས་ཏེ་ཉིན་འཁྱོང་ཡང་མཚན་མི་འཁྱོང་བའི་ཛ་དྲག་གི་དུས་འདིར།  སྤུན་ཟླ་ཚང་མས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་ནས་སེམས་དགོས་ཤིང་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡོད་པ་དེ་ནི་ང་ཚོས་ཚེ་སྲོག་ཇི་ཙམ་གྱིས་རང་རིགས་ཀྱི་བདེ་དོན་འགྲུབ་ཐུབ་མིན་འདི་ནི་ནམ་མཁའི་མཇའ་ལྟར་ལྟས་ན་མཛེས་ཀྱང།  ལག་ཏུ་རེག་པར་དཀའ་བ་ཞིག་ཡིན་པ་ཚང་མས་མཁྱེན་ཆུབ་ལྟར་རེད།  དེར་བརྟེན།  ང་ཚོས་རང་རིགས་གྲངས་ཉུང་བའི་སྤུན་ཟླ་སྐྱ་སེར་རྒན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་ཡང་གནད་ལ་འཁེལ་བའི་ལས་འགུལ་དང་གྲུབ་འབྲས་ཁ་ཡོད་ལག་ཡོད་ལ་བློས་གཏོང་དགོས་པ་ལས།  ཡོངས་རྫོགས་ཐེ་ཚོམས་དང་སོམ་ཉིའི་ལམ་དུ་གནས་པའི་བྱ་བ་ཞིག་ལ་རང་མི་རིགས་ཀྱི་གཞོན་སྐྱེས་ཚོའི་རིན་ཐང་བྲལ་བའི་ཚེ་སྲོག་གཅིག་རྗེས་གཉིས་མཐུད་དོར་བ་འདི་དོན་དམ་གྱི་ཐོབ་ཐང་ཅིའང་རག་ཐབས་མེད་པའི་ཕམ་ཁར་ལྷུང་བའི་ཉེན་ཁ་ཆེན་པོ་འདུག
ང་ཚོས་འདི་ལྟར་རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་ཡོང་ཐབས་དང་བོད་དོན་ལ་རོགས་སྐྱོར་ཡོང་ཐབས་ཕྱིར་ལས་འགུལ་གྱི་རྣམ་གྲངས་སྣ་ཚོགས་སྤེལ་བཞིན་ཡོད།  གནས་སྟངས་འདིའང་གཞིས་ལུས་བོད་མིའི་གནས་སྟངས་རྒྱལ་སྤྱིའི་ལམ་ནས་གསལ་རྟོགས་ཡོང་ཕྱིར་དང།  རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲད་དེ་རང་རིགས་ཀྱི་བདེན་པར་རྒྱབ་སྐྱོར་ཡོང་ཐབས་ཕྱིར་ཡིན།  འོན་ཀྱང་སྤུན་ཟླ་ཚོས་མཁྱེན་གསལ་ལྟར་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དེང་རྒྱ་ནག་གི་དཔལ་འབྱོར་འཕུར་ལྡིང་དང་དྲག་ཤུགས་ལ་འཛེམས་ཟོན་དང།  རང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བཟུང་གིས་རྒྱ་ནག་ལ་གང་ཐུབ་ཅི་ནུས་ཀྱི་སྟབས་བསྟུན་ཇི་མཁས་བྱེད་བཞིན་ཡོད།  འོ་ན་རྒྱ་ནག་གིས་རྒྱལ་སྤྱིའི་གནོན་ཤུགས་ལ་ངོས་ལེན་ཇི་ཙམ་བྱས་ཡོད་མེད་འདིའང་ཚད་འཛིན་ངེས་ཅན་ཡོད་པའི་གནས་སྟངས་ཤིག་ལས་ང་ཚོར་བརྒྱ་ཆ་ངེས་ཅན་གྱིས་སྤོབས་པ་དང་ལྡན་པའི་ལས་དོན་ཞིག་མ་རེད། བོད་གཞིས་བྱེས་གཉིས་ཀས་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་རྒྱ་ནག་གིས་བསམ་ཤེས་དང་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ལེགས་བཅོས་ཤིག་ཡོང་རྒྱུར་གདིང་ཚོད་ཅི་ཙམ་ཡོད་མེད་དེའང་ཧ་ཅང་གསལ་པོ་ཡིན།  ཕལ་ཆེར་དེའང་སྟོང་ཆ་ལྟ་བུ་ལས་མེད་པའི་གནས་སྟངས་ཤིག་རེད།  གསེར་འདྲ་བའི་ལང་ཚོ་དང་རྙེད་པར་དཀའ་བའི་ཚེ་སྲོག་རེ་རེ་བཞིན་ང་ཚོའི་མིག་མདུན་ནས་ནམ་མཁའི་མཇའ་ལྟར་ཡལ་བཞིན་པར་མཐོང་དུས། ཁོང་རྣམ་པ་འཚོ་ཞིང་བཞུགས་ཡོད་པའི་དབང་དུ་གཏོང་ན་ཁོང་ཚོས་སྔར་བས་རིན་ཐང་ཆེ་བའི་ལས་དོན་མང་པོ་ཞིག་བརྩམས་ཐུབ་པའི་ཡིད་ཆེས་གཙང་མ་ཡོད་།
འོ་ན་ང་ཚོར་མ་འོངས་ལོ་ངོ་བཅུའི་རིང་ངམ་ཡང་ན་ད་དུང་ལོ་རབས་ཕྱེད་ལྷག་རིང།  དེ་བཞིན་ཉུང་མཐའ་ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་འཚོ་ཞིང་བཞུགས་པའི་བསྐལ་བཟང་གི་དུས་འདིའི་རིང་ལ་འཐབ་རྩོད་ཀྱི་འཆར་འགོད་རག་རིམ་ཙམ་ཡང་མེད་པ་འདི་ཕམ་ཁ་ཆེ་ཤོས་གཅིག་མཐོང་གི་ཡོད།  རང་མི་རིགས་ཀྱི་བདེན་དོན་བརྩོན་ལེན་བྱ་བ་འདི་གཙོ་ཆེ་ཤོས་དེ་རང་རིགས་ཀྱི་ནུས་སྟོབས་ལ་བརྟེན་དགོས་པ་རྒྱལ་སྡེའི་རྒྱས་གསལ་ཡིན་སྟབས།  ཐོག་མར་ང་ཚོས་ངེས་པར་དུ་རྒྱ་ནག་གཞུང་གི་མ་འོངས་འཕེལ་ཕྱོགས་ལ་ལྟ་ཞིབ་བྱས་པའི་ཐོག་ནས་རང་རེའི་འཐབ་རྩོད་ཀྱི་དམིགས་ཡུལ་འདི་གོ་རིམ་དང་འཆར་གཞི་ལྡན་པ། ནུས་པ་དང་གདིང་ཚོད་ཡོད་པ་ཞིག་ཡོང་ཐབས་བྱེད་དགོས། 
ད་ལྟའི་ཆར་རྒྱ་ནག་གཞུང་འདི་ཕྱི་ཚུལ་དུ་གོ་ལའི་ཐོག་ཏུ་དཔལ་འབྱོར་སྟོབས་ལྡན་ཨང་གཉིས་པ་དང་དྲག་པོའི་སྟོབས་ཤུགས་ཆེ་བའི་བཙན་རྒྱལ་རྒྱལ་ཁབ་ཐོག་མའི་གྲལ་ཡིན།  འོན་ཀྱང་དུས་མཚུངས་སུ་རྒྱ་ནག་འདི་ནང་ཁུལ་དུ་མཐོ་རིམ་དཔོན་ཕྱོགས་དབར་དབང་ཆའི་འགྲན་རྩོད་རྒོད་ཅིང།  དབུས་རིམ་པ་ནས་གྲོང་གསེབ་རིམ་པའི་དབར་བྱ་ངན་གྱིས་སྤྱི་ཚོགས་ལ་རྙོག་འཛིང་ཆེ་བ།  དོན་དངོས་ཀྱི་ཁྲིམས་ལུགས་ཀྱི་སྟངས་འཛིན་མེད་པའི་གྲངས་ཉུང་དབང་ཤུགས་ཅན་ཁོ་ནས་སྲིད་དབང་སྒེར་གཅོད་ཀྱི་ཕྱིར་མི་མངོན་པའི་རྙོགས་འཛིང་དང་ནང་འཁྲུག་རྒོད་པ།  ལྐོགས་ཟ་རུལ་སྲུང་གི་གྱོད་དོན་ཇེ་མང་འགྲོ་བ།   མི་དམངས་འདུ་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་དུ་འགྲོ་བཞིན་པ་སོགས་ཕྱིར་དྲག་པོའི་དབང་ཤུགས་ཇི་ཙམ་བཙན་ནའང།  མཐར་རྒྱལ་ཡོངས་ཟང་ཟིང་དང་འཁྲུག་རྩོད་ཀྱི་རྙོགས་འཛིང་ཆེན་པོ་ཞིག་ཏུ་ལྷུང་རྒྱུ་ཧ་ཅང་གསལ་པོ་རེད། 
དོན་དམ་པར་བོད་མི་རིགས་ཀྱི་སྤུན་ཟླ་ཚོས་ད་ལྟའི་ཆར་ང་ཚོའི་ཚད་ཡོད་ཀྱི་ནུས་ཤུགས་འདི་གསོག་ཉར་གྱིས་མ་འོངས་རྒྱ་ནག་ཏུ་འགོག་ཐབས་མེད་པའི་དུས་ཟིང་ཞིག་དང། ཡང་ན་རྒྱ་ནག་ཏུ་དོན་དམ་མམ་ཚད་ལྡན་གྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཤིག་ལ་ངང་སྒུག་བྱེད་པ་དུས་མཚུངས་སུ།  ད་ལྟའི་བཀའ་ཁྲི་བློ་སེང་གིས་མཛུབ་སྟོན་གནང་བའི་ཆིག་སྒྲིལ་དང་གསར་གཏོད།  རང་ཁ་རང་གསོ་ཡོང་ཐབས་ལ་མང་ཙམ་བློ་བསྐྱེད་བྱེད་དགོས་ཀྱི་འདུག་སྙམ་ཡོད།  གང་ཡིན་ཟེར་ན་ང་ཚོས་བོད་ཀྱི་གནས་སྟངས་ལ་ཚོད་དཔག་ཅིག་བྱས་ན་རྒྱ་ནག་འདི་དམངས་གཙོ་ཚད་ལྡན་ཞིག་ལ་བསྒྱུར་སོང་ན་རང་རིགས་ཕྱོགས་ནས་འདོད་དོན་ཅི་ཞིག་བཏོན་རྒྱུ་ཡིན་མིན་དང། གལ་ཏེ་མ་འོངས་པར་ཆོལ་གསུམ་གཅིག་སྒྲིལ་གྱི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་ཐོབ་ཚེ། རང་རིགས་རང་ངོས་ནས་སྐྱོང་བའི་ཤེས་ཡོན་དང་དཔལ་འབྱོར་གང་ས་ཅིའི་ཐད་ནས་མི་རིགས་འདི་སྐྱོང་ཐབས་ཀྱི་ནུས་པ་དང་འཇོན་ཐང་གིས་མདང་ངེས་ཡོད་མེད།  གལ་ཏེ་དེ་འདྲའི་ཐོབ་བྱ་ཞིག་འབྱུང་ཚེ་ང་ཚོས་རང་རིགས་ཁ་བའི་ལྗོངས་འདི་༸གོང་ས་རྒྱལ་བ་རིན་པོ་ཆེས་མཛུབ་སྟོན་ལྟར་འཚེ་མེད་ཞི་བདེའི་བསྟི་གནས་ཞིག་བསྐྲུན་རྒྱུའི་འཆར་འགོད་དང་གོ་རིམ་ཇི་འདྲ་ཡིན་མིན།   གལ་ཏེ་རང་བཙན་བརྩོན་ལེན་བྱེད་མཁན་ཚོས་ནས་ཀྱང་འཆར་གཞི་དང་གོ་རིམ་གང་འདྲ་དགོས་མིན་སོགས་གནས་སྟངས་མང་པོར་བློ་གྲོས་དང་ཤེས་རབ་བསྐྱེད་དགོས།
གོང་གསལ་ལྟར་བོད་མི་རིགས་ཀྱི་བདེན་དོན་བརྩོན་ལེན་བྱ་བ་འདི་ལོ་གྲངས་འགའི་ནང་ཡོང་ཐབས་མེད་ཅིང།  ལ་ལས་ཟེར་འགྲོས་ལྟར་རང་ལུས་ཞུགས་འབུལ་གྱི་གྲངས་ཚད་ག་གེ་མོར་ཟིན་མཚམས་ནས་ཀྱང་ང་ཚོར་ཐོབ་འོས་པའི་ཐོབ་ཐང་ཞིག་དང།  ཡང་ན་དགོས་ངེས་ཀྱི་འདོད་འདུན་ཞིག་བསྒྲུབ་རྒྱུར་སུས་ཀྱང་ཁ་ཚོན་བཅད་དེ་མ་འོངས་ལུང་བརྟེན་འཁྲུལ་མེད་ཅིག་ཡོང་ཐབས་མེད་པས།  མིག་སྔར་ང་ཚོས་རང་གི་ནུས་ཤུགས་དང་རང་རིགས་སྤུན་ཟླ་རྣམས་ཀྱི་ཚད་ཡོད་དམ།  གྲངས་ཉུང་གི་ཚེ་སྲོག་ལ་ངེས་པར་དུ་གཅེས་སྤྲས་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད།  མ་འོངས་པར་ལས་དོན་ཅི་ཞིག་སྤེལ་ཡང་གདིང་སྤོབས་ཡོད་པ་དང་གྲུབ་འབྲས་ཁ་ཡོད་ལག་ཡོད་ཅིག་ཡོང་ཐབས་ལ་འབད་རོགས་ཅེས་འབོད་བསྐུལ་ཞུ་རྒྱུ་ཡིན།  
 མིག་སྔར་གཅིག་རྗེས་གཉིས་མཐུད་ཀྱིས་ཚེ་སྲོག་དོར་རྒྱུ་འདི་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་མ་རེད།  དེར་བརྟེན་བསམ་བློ་ཅི་ཙམ་གཏོང་ཡང་ང་ཚོས་ངེས་པར་དུ་བོད་མི་རིགས་འདིའི་རིན་བྲལ་གྱི་གཞོན་སྐྱེས་ཚོའི་ཚེ་སྲོག་ལ་གཅེས་སྤྲས་གང་ལེགས་གནང་དགོས་པ་ལས། གཞོན་སྐྱེས་ཚོའི་ཚོར་ཤུགས་ཁོ་ནས་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་སྲིད་པའི་སྐུ་སྲོག་དོར་བའི་འགུལ་སྤྱོད་འདི་ལ་ངེས་པར་དུ་ཚོད་འཛིན་ཡོང་ཐབས་བྱེད་དགོས་ཀྱི་འདུག
༢༠༡༢ ལོའི་ཟླ་༣ ཚེས་༣༠ ཉིན་རང་ཤག་ཏུ་གདུང་ཚོར་ཆེན་པོས་བྲིས།།