ཧ་གོ་དུས་ཡང་ཧ་ལོག་ཚར་བ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༨༩ ཕྱི་ལོ་ ༢༠༡༢/༦/༦
ཉེ་བའི་ཆར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ལས་གནས་ནས་དགོངས་པ་ཞུས་པ་མ་ཟད། བཀའ་ཤག་གིས་ཀྱང་དེ་ལུགས་དགོངས་འཁྲོལ་གནང་ཡོད་པ་རེད།
ད་ལྟའི་ཆར་བོད་རྒྱའི་ཆབ་སྲིད་ཀྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་སྟངས་གལ་ཆེན་ཞིག་ཡིན་པས། སྐུ་ཚབ་གཉིས་ཀྱི་དགོངས་ཞུ་བྱས་པར་བརྟེན་ང་ཚོའི་དགྲ་བོ་རྒྱ་དམར་དང། གཞིས་བྱེས་བོད་རིགས་མི་མང་ལ་ཁ་གསལ་པོའི་ཐོག་ནས་བརྡ་ལན་ཞིག་བཏང་ཡོད་པ་དེ་ལ། བོད་ཀྱི་གནད་དོན་ཐོག་སེམས་ཁུར་ཡོད་པ་ཚོས་ཐུགས་སྣང་ཆེན་པོ་གནང་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།
ད་ལན་སྐུ་ཚབ་གཉིས་ཀྱི་དགོངས་ཞུའི་ནང་“༢༠༠༨ དང་༢༠༡༠ སོ་སོར་རྒྱ་ནག་གི་རྩ་ཁྲིམས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆ་སྤྲད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ནས་བཟང་ཕྱོགས་ཀྱི་ཡ་ལན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབས་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་སྤེལ་བ་ནི་མི་རིགས་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་ཆེད་ཡིན་པར་མཐོང་བ་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་དཀའ་བར་སྣང་བས། ངེད་གཉིས་ཀྱིས་ད་དུང་མུ་མཐུད་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ”ཞེས་འཁོད་ཡོད་པ་རེད།
དོན་དངོས་ཐོག་ནས་ཀྱང་ད་བར་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་དམར་དྲག་གཞུང་དང་མེས་ཚིག་མེར་གཏུག་གི་དཔེ་དྲངས་ནས་ཞི་མོལ་ཡོང་བའི་རེ་བ་བརྒྱབ་ཡོད་ལ། རྒྱ་དམར་གཞུང་དང་འབྲེལ་བ་མཐུད་ནས་ལོ་༣༣ ལྷག་སོང་ཟིན་པ་རེད། བོད་རྒྱ་འབྲེལ་བ་མཐུད་ནས་བཟུང་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་མཚོན་ན་ལས་དོན་དེ་དང་སྔ་ཕྱིར་ཁ་འབྲལ་མ་མྱོང་བ་ཞིག་རེད་ཅེས་བརྗོད་ཀྱང་ཆོག་ལ། སྐལ་བཟང་རྒྱལ་མཚན་ལ་མཚོན་ནའང་ལས་དོན་དེ་དང་དུས་ཡུན་ངེས་ཅན་རིང་འབྲེལ་བ་བྱུང་བའི་མི་སྣ་ཞིག་ཡིན། ལྷག་དོན་ཕྱི་ལོ་༢༠༠༢ ལོར་འབྲེལ་བ་བསྐྱར་མཐུད་བྱུང་ནས་སྔ་རྗེས་ཐུག་འཕྲད་ཐེངས་༡༠ ཙམ་བྱུང་བ་དེ་ཁོང་གཉིས་ཀྱིས་སྣེ་ཁྲིད་གནང་བ་ཡིན་པས། ཁོང་གཉིས་ལས་ཉམས་མྱོང་ཆེ་བ་གཞན་སུ་གཅིག་མེད།
ཁོང་གཉིས་ཀྱིས་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་མ་མཐོང་བའི་རྒྱུ་མཚན་བརྗོད་པ་དང། ལྷག་དོན་འདས་པའི་ལོ་བཅུའི་རིང་བོད་ཀྱི་རྩ་དོན་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རྩོད་རྒྱུ་དང། དེ་ཡང་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་རྩོད་རྒྱུའི་ལངས་ཕྱོགས་བཟུང་བ་རེད་ལ། དེ་དང་མཐུན་པའི་བསམ་འཆར་ཡིག་ཆ་དང། དེའི་འགྲེལ་བརྗོད་ཡིག་ཆའང་ཕུལ་ཟིན་པ་རེད། ཉེ་བའི་ཟླ་ཤས་སྔོན། རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་དུས་རྒྱུན་སྐུ་ཚབ་རྣམས་དང་ཐུག་འཕྲད་བྱེད་ཡུལ་ཀྲོའུ་ཝེ་ཆོན་ཟེར་བ་དེས། རྒྱ་ནག་གི་གསར་ཤོག་ཅིག་ཏུ་སྒེར་གྱི་མིང་ཐོག་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དེ་མེད་པ་བཟོ་དགོས་པའི་རྩོམ་ཡིག་ཅིག་སྤེལ་བ་རེད།
གནད་དོན་དེ་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་ལྟ་བུར་མཐོང་སོང་ནའང། དོན་དངོས་གཞུང་འབྲེལ་གྱི་དཔོན་རིགས་གལ་ཆེན་ཞིག་དང། དེ་ཡང་དུས་རྒྱུན་བོད་རྒྱའི་འབྲེལ་མོལ་བྱེད་ཡུལ་དེས་གཞུང་སྒེར་གང་གི་མིང་ཐོག་ནས་ཡིན་ནའང། མདོར་ན་གནད་དོན་དེ་རྒྱ་དམར་དྲག་གཞུང་གི་སྲིད་བྱུས་ཀྱི་སྤྱི་ཁོག་དང་འབྲེལ་བ་ཞིག་དང། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་དག་གི་འདོད་མོས་དང་མི་མཐུན་བཞིན་དུ་ཀྲོའུ་ཝེ་ཆོན་སྒེར་གྱི་ངོས་ནས་གྲངས་ཉུང་མི་རིགས་༥༥ ཡི་ཐོབ་ཐང་དེ་མེད་པ་བཟོ་དགོས་ཚུལ་བརྗོད་མི་སྲིད་ལ། མི་སྒེར་ཞིག་གིས་དེ་ལྟ་བུ་བརྗོད་སའི་ཁོར་ཡུག་ཅིག་ད་ལྟའི་ཆར་རྒྱ་དམར་གཞུང་ལ་གཏན་ནས་མེད་པས། བསམ་ཚུལ་དེ་རྒྱ་དམར་གཞུང་གི་སྲིད་བྱུས་ངོ་མ་ཡིན་ངེས་རེད།
དེར་བརྟེན་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཞེས་ག་ཚོད་བཤད་ཀྱང། མི་སྣ་རེ་རེ་བཞིན་རྒྱ་དམར་གཞུང་གིས་བསྐོ་འཛུགས་བྱས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་རྩ་ཁྲིམས་ལ་བསྐྱར་བཅོས་ཤིག་སླེབས་ན། སྐབས་དེ་དུས་རྒྱབ་སྐྱོར་བྱེད་མཁན་ཤ་སྟག་ལས། དགག་བྱ་བྱེད་ཕོད་མཁན་སུ་གཅིག་ཡོང་མི་སྲིད་པ་གསལ་པོ་རེད། དེར་བརྟེན་ང་ཚོས་གཞི་འཛིན་ས་རྒྱ་དམར་གཞུང་གི་རྩ་ཁྲིམས་ཟེར་བ་དེ་ལའང་བློ་གཏད་གང་ཡང་མེད་པ་ཞིག་ཡིན་པས། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་དེ་ཁྲིམས་ཐོག་ནས་རག་ཐབས་གཏན་ནས་མེད་པ་ད་ལྟའི་ཆར་གཞི་ནས་ཧ་གོ་དུས་ཡང་ཧ་ལོག་ཚར་བ་རེད།
ད་ལྟའི་ཆར་བོད་པ་སྤྱི་དང་ལྷག་དོན་བཙན་བྱོལ་སྤྱི་ཚོགས་ནང་བོད་རྒྱ་ཞི་མོལ་ལ་བརྟེན་ནས་གྲུབ་འབྲས་ཤིག་ཐོན་ཐུབ་རྒྱུའི་རེ་བ་འཆང་མཁན་ཡོད་པ་མ་ཟད། གནད་ཡོད་མི་སྣ་ཁག་ཅིག་གིས་རྒྱ་མིའི་དར་དམར་འཕྱར་དགོས་པའི་དུས་ལ་སླེབས་ཡོད་ཚུལ་བརྗོད་མཁན་ཡོད་པ་དེ་ཚོ། རེ་སྟོང་དུ་གྱུར་ཡོད་པ་འཛམ་བུའི་གླིང་ལ་གསལ་སྟོན་གནང་བ་དེ་ནི། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་མཚོན་ན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། ད་དུང་མུ་མཐུད་མི་མང་ལ་མགོ་སྐོར་བཏང་བསྡད་པ་ལྟ་བུ་ཆགས་སོང་ན་ལོ་རྒྱུས་ཀྱི་འགན་མི་བཟོད་པ་ཞིག་ཏུ་གྱུར་ཡོད་པས། སྐུ་ཚབ་རྣམ་པ་གཉིས་ལ་མཚོན་ན་ད་བར་སྐུ་ལས་མང་པོ་ཞིག་བརྒྱབ་པ་རེད་ལ། ལྷག་དོན་ད་ལན་སྐུ་ཚབ་གཉིས་དགོངས་ཞུ་དང་འབྲེལ་བོད་རྒྱ་ཞི་མོལ་ཡོང་རྒྱུའི་རེ་བ་དང་གཞི་རྩ་མེད་པའི་དངོས་ཡོད་གནས་ཚུལ་བརྗོད་པ་དེ་དུས་ལ་བབ་པ་ཞིག་དང། རྒྱ་དམར་གཞུང་ལའང་དྲན་སྐུལ་ཞིག་ཏུ་གྱུར་ཡོད།།
