ལྷ་འབྲང་སྤྲུལ་སྐུ་དང་ཁོང་གི་གདུང་རུས་རང་བྱོན་ཅན།

འགྲམ་པ་གཡས་གཡོན་དང་། རྐང་རུས་དག་ལས་སྤྱན་རས་གཟིགས་དང་། སློབ་དཔོན་ཆེན་པོ། སྒྲོལ་མ། རྡོར་སེམས། དེ་མིན་མཆོད་རྟེན་དང་། ལན་ཛའི་ཡི་གེ་སོགས་རང་བྱོན་དུ་ཕེབས་པ། རིགས་བསྲེལ་སྣ་མང་འཁྲུངས་པ་སོགས་རེད།
གནས་ཚུལ་འདི་གཞུང་འབྲེལ་དང་སྒེར་གྱི་བརྒྱུད་ལམ་ཁག་ནས་གསལ་གསལ་ཞིག་སྒྲོག་མ་བྱུང་ལ། ཟིན་བྲིས་ཤིག་གི་ནང་པར་རིས་དེ་དག་སྤེལ་འདུག་མོད། བླ་མ་ཁོང་གི་ལོ་རྒྱུས་སོགས་ཅིའང་ཁ་གསལ་ཞིག་མེད་པ། དྲ་ཞབས་པ་ཚོས་མགོ་མ་ཚོས་པའི་རྙོག་གླེང་ཀྱང་ཡོང་གིན་འདུག་པས་དེའི་སྐོར་ནས་ཅུང་གླེང་སྤྲོ་སོང་།
དེའང་ལྷ་འབྲང་སྤྲུལ་སྐུ་ཞེས་པ་ནི་དགོན་མིང་གང་ཟག་ལ་ཐོགས་པ་ཡིན་ལ། ལྷ་འབྲང་དགོན་ཞེས་པ་ནི། ཕྱི་ལོ་ ༡༦༡༦ ཡན་མན་ན་བྱ་བྲལ་དཀོན་མཆོག་བསྟན་འཛིན་ཞེས་པ་དེས་ཕྱག་བཏབ། ཁོང་ནི་རིག་འཛིན་འཇའ་ཚོན་སྙིང་པོའི་དངོས་སློབ་ཅིག་ཡིན་ལ། དགོན་འདིའི་ཕྱག་བཞེས་ཀྱང་གཙོ་བོ་ཁོང་གི་གཏེར་ཆོས་སྐོར་ཡིན། དགོན་འདི་ནི་ཁམས་སྡེ་དགེ་དབོན་པོ་སྟོད། བཀྲ་ཤིས་སྟེང་ཞེས་པའི་གྲོང་ཚོ་དེའི་ཟུར་དུ་ཆགས་ཡོད་ལ། ཆོས་བརྒྱུད་སྔ་འགྱུར་དུ་གཏོགས་ཤིང་། ཐོབ་ཁུངས་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་ཤར་རྒྱལ་བ་དཔལ་ཡུལ་དགོན་ཡིན། དུས་འགྱུར་སྔོན་ལ་དགོན་འདིར་བཤད་སྒྲུབ་ཀྱི་སྡེ་དང་། ལོ་ལྟར་ཚེས་བཅུའི་གར་འཆམ་འཁྲབ་རྒྱུར་ཡོད་མོད། དེང་སང་སྒྲུབ་སྡེ་དང་གྲྭ་ཚང་གི་མིང་མ་བོར་ཙམ་དང་། འཆམ་འཁྲབ་རྒྱུ་ཡོད་ཙམ་ལས། ཆགས་འཇིག་གི་གནས་སུ་ཚུད་ཡོད།
ད་ལྟའི་གླེང་གཞི་ལྷ་འབྲང་སྤྲུལ་སྐུ་ནི། སྐུ་ཐོག་དང་པོ་དེ་ ༡༨༣༠ ཙམ་ན་དགོན་འདིར་ཕེབས་པ་དང་། ཁོང་གི་མཚན་ལ་གྲུབ་ཆེན་དཔལ་ལྡན་ཆོས་རྒྱལ་ཞུ། དེ་ནས་སྐུ་ཕྲེང་རིམ་བྱོན་གྱི་མཚན་དུ་ཆགས། འདིས་དགོན་འདིའི་བསྟན་པ་དར་རྒྱས་ཡུན་གནས་བྱས། དེའི་སྐུ་ཕྲེང་གཉིས་པ་ལ་ཚེ་དབང་དཔལ་གྱི་རྡོ་རྗེ། འདིས་སྡེ་དགེ་རྒྱལ་པོའི་སྐུ་ལ་གདོན་གསོལ་སྐབས་བཏུལ་བ་སོགས་ཀྱི་མཛད་པ་ཡོད་ལ། གསུང་ཐོར་བུ་འགའ་ཡང་མཇལ་རྒྱུར་ཡོད། སྐུ་ཕྲེང་གསུམ་པར་མཛད་པ་ཆེར་མ་འཕེལ།
སྐུ་ཕྲེང་བཞི་པ་ནི། ༡༩༢༢ ལོར་སྡེ་དགེར་འཁྲུངས་ཤིང་། ༡༩༨༨ ལོར་རྒྱ་གར་འདས། བོད་རང་བཙན་ཤོར་སྐབས་རྒྱ་གར་དུ་ཕེབས་ཤིང་། ཏེ་ཛུ་དར་རྒྱས་གླིང་དུ་བཞུགས། ཁོང་གིས་བླ་མ་གཙོ་བོ་ཞིག་ནི་ཀརྨ་པ་ ༡༦ པ་ཡིན་ལ། དེ་མིན་ཀྱང་ཡོད་ངེས། ཁོང་ཞིང་ལ་ཕེབས་རྗེས་ད་ལྟའི་རང་བྱོན་དང་ཐུགས་ལྗགས་སྤྱན་གསུམ། རིང་བསྲེལ་ཡ་མཚན་པོ་འདི་དག་ཕེབས་པ་རེད། འདི་ནི་རྒྱུ་ངོ་ཤེས་ན་ནང་པའི་ཆོས་ཀྱི་སྤུས་ཀ་མིག་སྟོན་བྱས་ཡོད། དམ་པ་ཁོང་གི་གདུང་རུས་སོགས་ཆ་ཚང་ཁོང་གི་གཅུང་པོ་རྫོགས་ཆེན་དགའ་ནོར་རིན་པོ་ཆེས་ཉར་ཚགས་གནང་ཡོད་ལ། ད་ལྟ་ཏེ་ཛུ་རུ་ལྷ་འབྲང་དགོན་པ་གསར་རྒྱག་གི་མཛད་ཕྲིན་སྤེལ་མུས་སུ་བཞུགས་ཡོད།
དུས་ཀྱི་ཡང་མཐའ་འདིར་ནང་ཆོས་ཉམས་ལེན་གྱིས་གདུང་རུས་ལས་སྐུ་གསུང་ཐུགས་ཀྱི་རྟེན་ཕེབས་པའི་ལྷ་འབྲང་སྤྲུལ་སྐུ་དཔལ་ལྡན་ཆོས་རྒྱལ་མཆོག