པདྨ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པར་གཟེངས་རྟགས།
བོད་རིགས་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་ བརྙན་<<ཁྱི་རྒན>>ཞེས་པར་ཨ་རིའི་བྷ་རུག་ཁི་ལིན་གློག་བརྙན་དུས་ སྟོན་ཐོག་བཤད་སྒྲུང་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་འདུག
དེ་ཡང་ཨ་རིའི་བྷ་རུག་ཁི་ལིན་གློག་བརྙན་དུས་སྟོན་དེ་ཨ་རི་གྲོང་ཁྱེར་ནུའུ་ ཡོག་ཏུ་ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༠ བར་འཚོགས་ཡོད་པ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་དེར་རྒྱལ་ཁབ་ཁག་༣༠ ཙམ་གྱི་གློག་བརྙན་མི་འདྲ་བ་༡༠༠ ལྷག་གི་འོས་འདེམས་ཁྲོད། བོད་རིགས་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་ བརྙན<<་ཁྱི་རྒན་>>ཞེས་པའི་སྐར་མ་༨༨ ཅན་གྱི་གློག་བརྙན་དེ་ལ་འོས་མང་ཤོས་ཐོབ་སྟེ། དུས་སྟོན་སྟེང་ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་དང་ཨ་སྒོར་ ༥༧༠༠༠ གི་བྱ་དགའ་ཐོབ་འདུག
རྩ་བའི་སྒྲུང་ལ་རིགས་མི་འདྲ་བ་མང་པོ་ཡོད་པ་ལྟར་ ཐེངས་འདིའི་བཤད་སྒྲུང་ཡག་ཤོས་ཀྱི་བྱ་དགའ་པདྨ་ཚེ་བརྟན་གྱི་གློག་བརྙན<< ་ཁྱི་རྒན་>>ཞེས་པར་ཐོབ་ཡོད་པ་དང་། དངོས་སྒྲུང་ཡག་ཤོས་ཀྱི་བྱ་དགའ་ངྡ་ར་ཀེལ་དང་། ཁུ་རིསུ་ཊོ་ཧྥེལ་ནི་ཟ་གཉིས་ཀྱི<<་བརྩེ་བའི་མན་ཌེ་ལ་>>ཟེར་བར་ ཐོབ་ཡོད་པ་དང་། དཔྱད་སྒྲུང་ཡག་ཤོས་ཀྱི་བྱ་དགའ་ཇོན་གྷུ་ར་ཧམ་གྱི<<་འགུལ་>>ཞེས་ པའི་གློག་བརྙན་དང་། འགུལ་གཟུགས་ཀྱི་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཝིལ་ཨན་ཌི་སོན་གྱི<<་ བྱེའུ་རིང་པོ་བཟོ་བ་>>ཞེས་པའི་གློག་བརྙན་བཅས་ལ་ཕུལ་བྱུང་གློག་བརྙན་ གྱི་བྱ་དགའ་ཐོབ་ཡོད་པ་རེད།
པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་ <<ཁྱི་རྒན>>ཞེས་ པའི་གློག་བརྙན་གྱི་མཚོན་དོན་གཙོ་བོ་ནི། བོད་ནང་གི་སྤྱི་ཚོགས་གསར་རྙིང་བར་གྱི་འགལ་ཟླ་མཚོན་ཡོད་འདུག་ལ། གློག་བརྙན་ འདིའི་འཁྲབ་སྟོན་པ་དབྱངས་འབུམ་རྒྱལ་དང་སྒྲོལ་མ་སྐྱབས། བློ་ཆེ། རྟ་མགྲིན་མཚོ་བཅས་དང་། པར་ལེན་པ་གསོན་མཐར་རྒྱལ། གློག་བརྙན་སྒྲིག་སྦྱོར་བ་སངས་རྒྱས་འབུམ་བཅས་ཡིན་འདུག
འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་<< ཁྱི་རྒན>> ལ། ༢༠༡༡་ལོར་ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༣༥ སྟེང་ཨེ་ཤི་ཡའི་གསེར་གྱི་གཟེངས་རྟཊ་ཐོབ་ཡོད་པ་མ་ཟད། ཁོང་གི་གློག་བརྙན་ <<འཚོལ>> དང་། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>>བཅས་ལ་ཡང་སྔ་ཕྱིའི་ཧྲང་ཧེ་ རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༣༠ པ་བཅས་ནས་རྒྱལ་སྤྱིའི་ གློག་བརྙན་དཔྱད་བརྗོད་མཁན་མཉམ་འབྲེལ་གྱི་གཟེངས་རྟགས་དང་། དམིགས་བསལ་ཆེ་བསྟོད་ཀྱི་གཟེངས་རྟཊ་བཅས་ཐོབ་ཡོད་འདུག
