བོད་རྒྱ་ཞི་མོལ་ལ་རེ་བ་མེད་ན།

བོད་རྒྱ་ཞི་མོལ་ལ་རེ་བ་མེད་ན།
་་་་་་་་་་་་་་་་་་་་་་་་་དབུ་མའི་ལམ་ལ་རེ་བ་ཡོད་དམ།

ཨ་ཀ་སྤེན་པ།
ཉེ་ཆར་༧གོང་ས་མཆོག་གི་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་པ་གཉིས་ནས་སྐུ་ཚབ་ཀྱི་ལས་གནས་ནས་དགོངས་པ་ཞུས་པའི་གནས་ཚུལ་རླུང་འཕྲིན་དང་།

ཚགས་པར་སོགས་གསར་འགྱུར་ཁག་ནས་ཤེས་བྱུང་། དེར་བརྟེན་རང་ཉིད་བོད་པ་ཞིག་ཡིན་པའི་འདུ་ཤེས་ཀྱིས་མ་འོངས་པར་སྐུ་ཚབ་དགོས་མིན་དང་། གལ་སྲིད་དགོས་ཀྱང་མིང་དུ་སྐུ་ཚབ་ཅེས་བཏགས་མིན་སོགས་ཀྱི་གནད་དོན་མིན་པར་གཞི་རྩའི་རྩ་དོན་ལ་བསམ་གཞིགས་ཤིག་མི་བྱེད་ཀ་ཏུ་གྱུར། དེ་ཡང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་པ་གཉིས་ནི་༧རྒྱལ་བ་རིན་པ་ཆེའི་སྐུ་ཚབ་ལས་ཡུན་རིང་ཤོས་དང་། བོད་རྒྱ་ཞི་མོལ་ལ་རྒྱུས་མངའ་ཆེ་ཤོས། རྒྱ་ནག་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་མང་ཤོས་ཀྱང་རེད། འོན་ཀྱང་ད་ལྟའི་ཆར་ཁོང་རྣམ་པ་གཉིས་ནས་དུས་གཅིག་ཏུ་ལས་གནས་ནས་དགོངས་པ་ཞུས་པ་དང་། བཀའ་ཤག་ནས་“བློ་ཕམ་ངང་དགོངས་པ་སྤྲད་པ་ཡིན་’’ཞེས་གསུངས་པ་བཅས་ལ་བལྟས་ན་དེ་བས་ཀྱང་མཛེས་སྡུག་ལྡན་པའི་འཇའ་ཚོན་དང་འདྲ་བའི་བོད་ཀྱི་རྩ་དོན་དེར་ཕྱི་མིག་ཅིག་ངང་གིས་འཁོར། དབུ་མའི་ལམ་གྱི་གཞི་བཅོལ་ས་ནི་“རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་བཤད་ཆོག་’’ཟེར་བ་ནས་འཕྲོས་པའི་བོད་རྒྱ་ཞི་མོལ་དེ་ལས་མེད་ཀྱང་། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་“ངེད་གཉིས་ནས་ད་ལྟ་བར་དུ་བོད་རྒྱ་འབྲེལ་མོལ་ཐེངས་མང་བྱས་ཀྱང་ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་ཡར་ལན་གང་ཡང་མ་སྤྲད་སྟབས་ངེད་གཉིས་ནས་གྲུབ་འབྲས་གལ་ཐོན་གྱི་མི་འདུག’’ཅེས་དང་། “ད་ལྟའི་རྒྱ་ནག་གཞུང་གི་གནས་སྟངས་ལ་ལྟས་ན་ངེད་སྐུ་ཚབ་གཉིས་ནས་རེ་བ་མེད་པ་ཞིག་མཐོང་ནས་དགོངས་པ་ཞུས་པ་ཡིན་’’ཞེས་ཉེ་ཆར་གྱི་གསུངས་བཤད་དག་ནི། དེ་སྔ་རྒྱ་ནག་ནས་ཚུར་ལོག་སྐབས་“ཧ་ཅང་གིས་ཡག་པོ་བྱུང་སོང་’’ཞེས་གསུངས་པ་དང་ཡོངས་སུ་འགལ་བ་མ་ཟད། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་དུས་ཡུན་རྫོགས་མཚམས་སུ་བོད་མི་དག་ལ་བཀའ་སློབ་བསྩལ་སྐབས་“ད་ལྟའི་ཆར་བོད་དོན་བདེན་མཐའ་སེལ་ལ་ཉེར་བ་ཡིན་’’ཞེས་གསུངས་པ་དེ་དང་ཡང་ཡོངས་སུ་འགལ་འདུག འདི་ནི་གཅིག་བྱས་ན་ཆབ་སྲིད་ཀྱི་ལྟ་གྲུབ་ཡིན་པས་འགལ་འདུ་ཡོད་དགོས་པར་ནང་པའི་ལྟ་གྲུབ་དང་མ་འདྲ་བར་ཞིག་ཡིན་ནམ་ཡང་སྙམ་བྱུང་།

དེར་བརྟེན་སྤྱི་ཡོངས་ནས་བོད་ཀྱི་རྩ་དོན་དེར་བསམ་བློ་ཞིག་གཏོང་ན་ལ་ཁའི་མཛོ་རྒན་ལྟར་ཐུར་ནས་ཐུར་དུ་བབས་ཀྱི་ཡོད་པ་ནི། དང་པོར་རང་བཙན་གཙང་མ་དང་། དེ་ནས་དབུ་མའི་ལམ། ཆེས་མཐོའི་རང་སྲིད་རང་སྐྱོང་།  (རང་ལུགས་རང་སྐྱོང་ལབ་མི་ཆོག་ཟེར) རང་སྲིད་རང་སྐྱོང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་། རང་སྐྱོང་། བཅས་མཛུབ་མོ་གཙུགས་ས་མེད་པ་ལྟ་བུ་ཞིག་མར་མར་བབས་ཏེ་ད་ལྟའི་ཆར་ན་ནིང་སྤྲད་པའི་ཡིག་ཆ་ནང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གི་ད་ཡོད་བོད་རང་སྐྱོང་ལྗོངས་ལྟ་བུ་ཞིག་ལ་བབས་ཚར་པ་རེད།

རེད་དེ་གང་ལྟར་བོད་མི་ཡོངས་རྫོགས་བོད་དུ་གཅིག་གྱུར་གྱིས་བོད་དུ་ལོག་རྒྱུ་བྱུང་ན་རྟ་དང་བོང་བུ་གང་ལ་ཞོན་ནའང་ཁྱད་པར་མེད་ཀྱང་། ད་ལྟ་སྐུ་ཚབ་རྣམ་པ་གཉིས་ཀྱིས་གསུངས་ལུགས་ལ་ཉན་ན་དེ་ཡང་རེ་བ་མེད་པ་ལྟ་བུ་ཞིག་གི་གནས་སུ་བསྐྱལ་འདུག་སྙམ་བྱུང་།
མཚམས་འདི་འབབ་ས་མེད་པའི་འགག་འཕྲང་དེར་“ད་ང་ཚོས་ཅི་བྱེད་’’ཅེས་གྲོས་བསྡུར་བྱེད་ལ་རན་པའི་དུས་སྐབས་འདིར་ཉམས་མྱོང་ཡོད་པ་དང་། ཤེས་ཡོན་ཡོད་པ། ཐབས་ཇུས་ཡོད་པ། འཇོན་ཐང་ཡོད་པ། རྒྱུ་ནོར་ཡོད་པ་བཅས་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་འཕུར་སོང་དུས་ངས་“བོད་རེ་བས་འཕུང་’’ཟེར་བ་དེ་དྲན་བྱུང་བ་མ་ཟད། འདི་ལོ་རྡོར་གདན་དུ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས“བོད་ནང་བཤད་འགྲོས་ཤིག་ལ་༧རྒྱལ་བ་རིན་པོ་ཆེའི་མཐའ་བསྐོར་གྱི་མཐོ་རིམ་མི་སྣ་ཚོར་བོད་དུ་ལོག་འདོད་ཡོད་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད་’’ཟེར་བ་དེ་ཡང་དྲན་བྱུང་། ད་དུང་མི་རབས་གསར་པ་དང་། བསམ་བློ་གསར་པ། བཀའ་ཁྲི་གསར་པ་ཨུ་ཚུགས་ཀྱིས་འགག་འཕྲང་དེར་སྡོད་འདོད་དམ། ཐབས་ཇུས་ཅི་ཞིག་འཚོལ་གྱི་ཡོད་ན་སྙམ་པའི་ཐེ་ཚོམ་ངང་། ད་ནི་ངས་མ་འོངས་པར་ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་ཀྱི་བོད་མི་ཚོས་ང་ཚོར་བལྟས་ནས་“ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་རྟ་ཞོན་པ་ལས་བོང་བུ་ཞོན་པ་མ་རེད་’’ཅེས་ང་ཚོའི་མི་ཐོག་གི་སྙིང་སྟོབས་ལ་མིག་དཔེ་འོས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་མོ།།