༄༅།། ལྷོ་ཕྱོགས་རྫོགས་ཆེན་དགོན་ནས་བྲིས་པའི་མྱོང་བྱང་།

 

༄༅།། ལྷོ་ཕྱོགས་རྫོགས་ཆེན་དགོན་ནས་བྲིས་པའི་མྱོང་བྱང་།

མེ་ཏོག་སྣ་མང་བཞད་པའི་ནགས་ཁྲོད་ན།། 

ལྷིང་འཇགས་ལྡན་པའི་མཚན་མོ་བག་རེ་ཕབ།། 

  ཁོར་ཡུག་ལྷུན་སྡུག་ནགས་རིའི་ཕ་མཐའ་ན།། 

དྭངས་གསལ་ཆུ་མོའི་བཞུར་རྒྱུན་བག་ཡངས་རྒྱུ།།

 

ཁེར་རྐྱང་འཚོ་བ་རོལ་བའི་གསེར་ལྡོམ་ང་།

  གཡུ་ལྗང་ལྷོ་མཐའི་ངོགས་ན་ལྷོད་རེ་ཆགས།། 

རིགས་གཞུང་སྦྲང་རྩིའི་མངར་ལ་སྟོན་མོར་བྱས།།

བདེ་སྐྱིད་གུ་ཡངས་ཐང་ན་བག་རེ་བྲོ།། 

རྫོགས་ཆེན་ནགས་མཐའི་རི་ཟོམ་ཁུགས་སོ་ན།། 

འབྲས་དང་རྡ་ལིའི་འཚོ་བའི་ལྟོ་རྟེན་བྱས།།

  ཁུ་སིམ་མ་ལ་ཡ་ཡི་ནགས་ཀློང་ན།།

  ཞི་བདེའི་ལྷོད་དར་ཀློང་ནས་བག་ཕབ་རྒྱུ།།

  བདེ་སྐྱིད་དྲོད་ཁོལ་འབར་བའི་བུ་མཐའ་ན།།

  འཚེ་མེད་ལྟ་གྲུབ་ཟབ་མོའི་ཉིན་མཚན་བྲེལ།།

ནགས་མའི་ཤུགས་གླུ་དར་དར་རྣ་ལ་སྙན།།

སྔར་མེད་བདེ་སྐྱིད་གསར་བའི་དྲོད་ཁོལ་བསྐྲུན།། 

གནས་འདིའི་རི་ཀློང་མཛེས་སྡུག་མཐོང་ཐང་རེ།། 

བདེ་སྐྱིད་ཡོ་ལང་གསར་བའི་དགའ་སྟོན་རེ།། 

དྲི་ཞིམ་རླུང་གིས་ཁུར་བའི་ཕ་མཐའ་ན།། 

མེ་ཏོག་མཛེས་མའི་སེམས་ལ་ངར་གསོ་སྦྱིན།། 

རྒྱ་ཕིབས་གསེར་འདོད་འཕྲོ་བའི་མཐོངས་ངོགས་ན།།

  ལུང་རིག་མཉམ་དགའི་གློག་ཞགས་ཀློང་ན་རྒྱུ།། 

ཁང་ཆུང་ལྟར་ལ་བསྒྲིགས་པའི་དགོན་སྟེ་ན།།

ལྷག་བསམ་དྭངས་མའི་མཚོ་ལ་རོལ་བཞིན་དུ།། 

གནའ་དེངས་རིགས་གཞུང་བསྡེབས་སའི་སློབ་གླིང་ན།། 

འཚོ་བའི་གསང་ལམ་ཕྲ་མོ་འཚོལ་བཞིན་ཡོད།།

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་

འབོད་པས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་སློབ་གླིང་ནས་སུག་བྲིས་སོ།། ༢༠༡༡  ༣  ༡༣