མདོ་སྨད་གཅན་ཚ་རུ་བོད་མིས་རང་ལུས་མེར་བསྲེག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ཟླ་འདིའི་ཚེས་༡༥ ཞོགས་པ་བོད་ནང་གི་ཆུ་ཚོད་༦།༣༠ ཡས་མས་སུ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་བོད་མི་རྟ་མགྲིན་ཞེས་པ་ཞིག་གིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། གཞུང་གི་ཉེན་རྟོག་པས་མེ་བསད་དེ་ཁོང་བཙན་ཁྲིད་བྱས་འདུག

ས་གནས་དེའི་མང་ཚོགས་ཀྱིས་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ནའང་། སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་པ་ཙམ་ལས། ད་ལྟའི་ཆར་ཁོང་གྲོངས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།

རང་ལུས་མེར་བསྲེག་གཏོང་མཁན་རྟ་མགྲོན་ནི་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༤༠ ཙམ་ཡིན་འདུག ཁོང་གིས་ངོ་རྒོལ་བྱེད་ས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་ཡིན་འདུག །