གྲུབ་འབྲས་གསར་པ་ཞིག་ཐོན་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༠   ཕྱི་ལོ་ ༢༠༡༢/༦/༡༣
དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པར་ཕུལ་བའི་དོགས་འཆར།

ལོ་འདིའི་ཕྱི་ཟླ་༩ ཚེས་༢༥ ནས་ཚེས་༢༨ བར་ཉིན་བཞིའི་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་འོག དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོག་གཏན་ཁེལ་ཡོད་པ་དང། བཅའ་ཁྲིམས་གཏན་འབེབས་གནང་ནས་ལོ་༢༡ ཙམ་གྱི་རིང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་ཆགས་རྒྱུ་རེད། ཕྱི་ཟླ་དགུ་པའི་ནང་འཚོག་འཆར་ཡོད་པའི་དམིགས་བསལ་ཚོགས་ཆེན་དེའི་བརྗོད་གཞི་“ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་”ཞེས་པ་དེ་ཡིན་ཡང། ཚོགས་ཆེན་དེའི་སྐབས་བརྗོད་གཞི་རང་གི་ཐོག་ཏུ་འབབ་མ་ཐུབ་ན་ཚོགས་ཆེན་དེར་གྲུབ་འབྲས་ཆེན་པོ་ཞིག་འཐོབ་ཐུབ་མིན་ཡང་ཐེ་ཚོམ་དུ་གྱུར་ཡོད།

དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་“བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་”གནང་དགོས་པ་༧གོང་ས་མཆོག་གིས་ཡིག་ཐོག་ནས་གསུང་འཕྲིན་གནང་བའི་དོན་གནད་གཙོ་བོ་ཡིན་ལ། སྐབས་དེའི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ཡང་དེ་ཡིན། འོན་ཀྱང་ཚོགས་ཆེན་དངོས་སུ་ཚོགས་པའི་སྐབས་སུ་རང་བཙན་དང་ལམ་དབུ་མ། ཤེས་ཡོན་སྲིད་བྱུས་དང། གཞིས་ཆགས་ཀྱི་བདེ་སྡུག སྐྱེས་ལྡན་སོ་ནམ། སྐྱབས་བཅོལ་ལག་དེབ་དང། དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་ངལ། ཕྱི་རྒྱལ་ཁག་ཏུ་སྐྱབས་བཅོལ་ལག་ཁྱེར་རག་དང་མི་རག་བཅས་ཀྱི་དཀའ་ངལ། ད་དུང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་དང་མི་དགོས་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱས་པ་ལས། བརྗོད་གཞིའི་ཐོག་ཏག་ཏག་འབབ་ཐུབ་མེད།

ཚོགས་འདུ་གྲོལ་རྗེས་༧གོང་ས་མཆོག་མཇལ་ཁ་གནང་བའི་སྐབས་ད་རེས་ཀྱི་ཚོགས་ཆེན་དེ་“ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་བྱུང་འདུག་”གསུངས་པ་དེ། བརྗོད་གཞི་རང་གི་ཐོག་ཏུ་མ་སོང་བའི་རྒྱུ་མཚན་ལ་གཟིགས་ནས་གསུངས་པ་གསལ་པོ་རེད། ༢༠༠༨ ལོའི་དམིགས་བསལ་ཆོགས་ཆེན་དང། ༢༠༡༠ ལོར་ལྷོ་ཕྱོགས་སུ་འཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀ་མཐོང་བའི་མྱོང་ཚོར་ཐོག་ནས་བཤད་ན། ཉམས་མྱོང་ཅན་གྱི་མི་སྣ་མཁས་དབང་དང་ལས་འགུལ་བ་སྐད་གྲགས་ཅན། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ནས་ཕེབས་པའི་མི་སྣ་མང་པོ་འདུག་ཀྱང། དུས་རྒྱུན་དྷ་སར་བཤད་བསྡད་པ་དང་བྱས་བསྡད་པ་རྐྱང་པ་ལས། གོ་མ་མྱོང་བའི་བསམ་ཚུལ་གསར་པ་ཞིག་དང། བྱེད་མ་མྱོང་བའི་ཐབས་ལམ་གསར་པ་གསུངས་མཁན་ཞིག་གང་ཡང་གོ་ཐོས་མ་བྱུང།

ད་ལན་གྱི་དམིགས་བསལ་ཚོགས་ཆེན་དེའི་ཐོག་ཏུའང། བསམ་ཚུལ་གསར་པ་ག་རེ་རག་ཐུབ་ཀྱི་ཡོད་མེད་ཐོག་ལ་དོགས་པ་རང་བཞིན་གྱིས་ཡོད་ཀྱང། གཙོ་ཆེ་ཤོས་བརྗོད་གཞི་རང་གི་ཐོག་ནས་འགྲོ་དགོས་པ་ལས། འཛིན་སྐྱོང་དང་སྤྱི་ཚོགས། འཕྲོད་བསྟེན། ཤེས་ཡོན་ཆ་ཚང་གི་ཐོག་ནས་གླེང་ན་ཉིན་བཞིའི་རིང་གྲུབ་འབྲས་ཐོན་མི་ཐུབ་པ་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བལྟས་ན་ཧ་ཅང་གསལ་པོ་རེད། དེར་བརྟེན་ད་ལན་“ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས”ཞེས་པ་དེ་བརྗོད་གཞི་ཡིན་པས། བརྗོད་གཞི་ལས་གཏན་ནས་མ་བརྒལ་བར་ཚོགས་ཆུང་སོ་སོའི་ནང་དུ་བགྲོ་གླེང་བྱེད་ཐུབ་ན་ཕན་ཐོགས་ཡོད་པའི་ཐག་གཅོད་རེ་ཡོང་བའི་རེ་བ་ཡོད།

དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ཚོགས་ཆེན་དེ་རྩ་དོན་རྩོད་པའི་ཁ་ཕྱོགས་གཏན་འབེབས་བྱེད་པའི་ཚོགས་ཆེན་ཞིག་མིན་ཞེས། བཀའ་ཁྲི་དང་ཚོགས་གཙོས་ནན་བརྗོད་གནང་ཡོད་ཀྱང། མཇུག་བསྡོམས་སྐབས་ལམ་དབུ་མར་འགྲོ་མཁན་མང་པོ་བྱུང་སོང་ཞེས། མང་ཚོགས་དང་ཉུང་ཚོགས་ཚང་མའི་ནང་དུ་འཕྱར་རྒྱུའི་དར་ཆ་ཆེན་པོ་ཞིག་ཆགས་སོང། འོན་ཀྱང་“དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང༌།” ཞེས་ཐག་གཅོད་བྱུང་ཡོད་ཀྱང། ད་བར་གནད་དོན་དེ་གླེང་མཁན་བྱུང་མེད། དེ་བཞིན་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་དམ། མཐའ་བསྡོམས་ལ་“རྒྱབ་གཉེར་སྙན་ཐོ”ཞེས་བྲིས་ནས་ལག་བསྟར་བྱེད་དགོས་པ་ཞིག་མིན་པ་ལྟ་བུར་བསྒྱུར་ཡོད་ལ། གྲོས་ཆོད་དམ་ཐག་གཅོད་ལྟ་བུ་འཁོད་ཡོད་ན་ལས་སྣེ་བ་རྣམས་ལ་ཁུར་པོ་ལྗི་རུ་འགྲོ་བས་ཀྱང་ཡིན་ངེས།

མདོར་ན་དམིགས་བསལ་ཚོགས་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀར་ལས་དོན་རང་གི་གྲུབ་འབྲས་ཐོག་ནས་དེ་ཙམ་ནུས་པ་ཐོན་པ་ཞིག་བྱུང་མེད་ཀྱང། ཆབ་སྲིད་ཀྱི་གནད་འགག་ཐོག་ནས་གལ་ཆེའི་རང་བཞིན་ཞིག་ཀྱང་ཡོད་པ་བཤད་མི་དགོས་པ་རེད། ད་ལན་འཚོག་འཆར་གྱི་དམིགས་བསལ་ཚོགས་ཆེན་དེའི་ནང་དུ་བརྗོད་གཞི་ཉག་ཉོག་མང་པོའི་སྒང་དུ་མི་འགྲོ་བར་ཐོག་མའི་གཏན་འབེབས་ལས་མི་འདའ་བ་ཞིག་གི་ཐོག་ཏུ་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་རེད། ཚོགས་ཞུགས་པ་དང་གོ་སྒྲིག་པ་ཚང་མའི་བསམ་བློ་དེའི་ཐོག་ལ་འཁོར་དགོས་པ་ལས། སྤྱི་ཚོགས་ནང་གི་རྙོག་གྲ་ཆུང་ཙག་རིགས་བརྗོད་གཞི་དང་འབྲེལ་བ་ཅུང་ཙམ་རེ་འདོགས་ས་རྙེད་སྲིད་ཀྱང། ཚོགས་ཆེན་འདིའི་སྐབས་ཀྱི་བརྗོད་གཞི་མིན་པ་གསལ་པོ་མཁྱེན་དགོས་པ་ཞིག་རེད།།