དེ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་ཁུལ་ཁྱོན་ཡོངས་ཀྱི་སྐྱིད་སྡུག་གི་གནས་བབ་སེམས་སུ་བླངས་ནས་དུས་དྲན་བྱེད་དགོས་པ་ཞིག་རེད།

དེ་རིང་འདིར་སྦེལ་ཀོབ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག  མདོ་ཁམས་ཆུ་བཞི་སྒང་དྲུང་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་གྱི་མཛད་སྒོ་འདི་སྤེལ་བཞིན་ཡོད་པ་རེད།ད་ལྟ་ངས་སྒྲོགས་སྦྱང་བྱས་པ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབས་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་རེད།

གསུང་འཕྲིན་འདིའི་ནང་སྤྱི་ཡོངས་ཀྱི་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མར་དབུ་བརྙེས་པ་ནས་དུས་ད་ལྟའི་བར་གྱི་གནས་བབ་སྤྱི་དང་། ལྷག་པར་དང་བླངས་དམག་གི་སྒྲིག་འཛུགས་འདི་བཙུགས་པའི་དགོས་པ་དང་དམིགས་ཡུལ། གྲུབ་འབྲས་བཅས་ཆ་ཚང་བ་དྲན་གསོ་བྱས་འདུག་པས་མ་ཚད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མ་འོངས་པའི་བསྒྲུབ་བྱ་དང་། དམིགས་ཡུལ་སོགས་ཀྱི་ཐད་ལ་ཡང་ལམ་སྟོན་ཟབ་མོ་གནང་འདུག་པར་གུས་པས་འགྲེལ་བརྗོད་དགོས་པ་མི་འདུག་སྟེ། ངས་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིའི་བྱུང་རབས་བཅས་ལ་རོབ་ཙམ་རེ་དེབ་ཐོག་ནས་ལྟ་ཀློག་བྱས་པ་དང་། རྒན་རབས་པ་ཚོའི་ངག་ནས་གོ་ཐོས་བྱུང་བའི་གནད་དོན་ཁག་ཅིག་དེ་རིང་འདིར་དྲན་གསོ་ཞུ་འདོད་བྱུང་།              དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་ནི་ཐོག་མར་ཕྱི་ལོ་ ༡༩༥༨ ལོ་ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་དབུ་བརྙེས་པ་ཞིག་རེད། ཚོགས་པ་འདིའི་ངོ་བོ་ནི་བོད་མདོ་ཁམས་ཁུལ་གྱི་ཡུལ་མིས་དང་བླངས་ཀྱིས་བཙུགས་པའི་བོད་ཀྱི་བསྟན་སྲུང་དྲག་པོ་དམག་གི་སྒྲིགས་འཛུགས་ཤིག་རེད་འདུག སྒྲིག་འཛུགས་འདིའི་ཁྱབས་ཁོངས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་སྟེ། སྔ་རབས་བོད་ཀྱི་ལོ་རྒྱུས་ནང་སྟོན་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་པའི་ཕྱི་མ་དེ་ཡིན་ལ། ཕྱིས་སུ་རྒྱ་ནག་གཞུང་གིས་བོད་ལ་སྡིག་ལག་བསྐྱངས་རྗེས་ཀྱི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་གཙོ་བོ་ཕྱི་ལོ་ ༡༩༥༡ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་སྲིད་སྐྱོང་ཚོམས་ཆེན་དུ་རྒྱ་བོད་དབར་བཞག་པའི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་ཟེར་བའི་ནང་གི་བོད་ཀྱི་མངའ་ཁོངས་སུ་མ་ཚུད་པའི་བོད་མདོ་ཁམས་ཁུལ་གྱི་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ཁྱབ་པར་བྱས་ཡོད་པ་རེད། དེར་བརྟེན་ང་ཚོས་ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་རྒྱ་དམར་སྲིད་གཞུང་གིས་བོད་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས། བོད་ཆོལ་ཁ་གསུམ་མམ་བོད་ཁུལ་ཡོངས་རྫོགས་ཆིག་སྒྲིལ་གཅིག་གྱུར་བྱ་བའི་ཐོག་མའི་རྨང་གཞི་ལྟ་བུ་ཞིག་རེད་ཅེས་བཤད་ཆོག་པར་འདོད། དེ་བཞིན་ཚོགས་པ་འདི་ཐོག་མར་གསར་འཛུགས་བྱེད་པའི་བརྒྱུད་རིམ་ཆེས་ཐོག་མ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་ཞེས་པའི་ས་ཆ་སྟེ། སྔོན་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་ལྷ་སའི་རྒྱ་རྒོལ་དམག་འཁྲུག་སྐབས་ཁམས་པ་དང་སེ་རའི་གྲྭ་པ་ཚོས་རྒྱ་དམག་ལ་མེ་མདའ་དང་པོ་རྒྱག་སའི་ས་ཆ་དེར་ཕྱིས་སུ་ཁམས་རིགས་ཚོང་པ་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དེ་ནས་དང་བླངས་ཀྱིས་བྱུང་བ་ཞིག་རེད་འདུག ཚོགས་པ་འདི་ཐོག་མར་མདོ་ཁམས་པ་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་དབུ་ཁྲིད་གནང་བའི་ཁམས་རིགས་བཞི་བཅུ་ལྷག་གིས་གཙོ་བོ་བྱས་པ་ཞིག་རེད་ལ། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་དངོས་སུ་མ་བཙུགས་སྔོན་དུ་ཆོས་སྲིད་ཀྱི་དགོས་དབང་དུ་མ་བལྟས་ནས་༸གོང་ས་སྐྱབས་མགོན་ཆེན་པོར་སེར་ཁྲི་ཁམས་གསུམ་ཟིལ་གནོན་གྱིས་སྣེ་དྲངས་ནས་བརྟན་བཞུགས་ཕུལ་བ་དང་། དེ་ནས་ཨ་རིའི་གསང་བའི་ལས་ཁུངས་སོགས་སུ་འབྲེལ་བ་བྱས་པ་དང་། ཡུལ་དམག་བསྡུ་བསྐོང་བྱེད་པ་དང་། དམག་ཆས་གྲ་སྒྲིག་བྱེད་པ་སོགས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་སྒོ་ཀུན་ནས་འཐུས་ཚང་པར་བྱས། དམག་གི་རི་དར་ལ་གཞི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མཚོན་པའི་ཁ་དོག་དམར་སེར་ལ་ཤེས་རབ་ཀྱི་རལ་གྲི་དང་། ཁམས་པའི་དཔའ་དམ་ཁྲམ་དུ་བཀོད་པ་བྱས། མིང་ལ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས་བཏགས་ཤིང་། མགྲོན་གཉེར་ཆེན་མོ་ཕ་ལྷ་བ་སོགས་༸གོང་ས་མཆོག་གི་སྐུ་བཅར་བ་དང་བོད་གཞུང་གི་གནད་ཡོད་མི་སྣ་དང་འབྲེལ་བ་རྒྱུན་འཁྱོངས་དམ་ཟབ་བྱས་ནས་༸གོས་ས་མཆོག་སྐུའི་ཉེན་སྲུང་གི་ཐད་ལ་གྲ་སྒྲིག་བྱས་འཐུས་ཚང་བྱས། སྒྲིགས་འཛུགས་དངོས་སུ་དབུ་བརྙེས་པ་ནས་བྱང་དགའ་ལྡན་ཆོས་འཁོར་གླིང་ནས་གོ་ལག་བླངས་སྟེ། བྱང་ཁུལ་དུ་བསྟན་དགྲ་རྒྱ་དམར་ལ་དགྲ་ཐེངས་བཅོ་བརྒྱད་བརྒྱབ་པ་དང་། ལྷོ་ཁའི་ཁུལ་དུ་སྔ་གཞུག་དགྲ་འཐབས་དམག་ཐེངས་ཆེ་བ་སུམ་ཅུ་སོ་བཞི་དང་། ཆུ་བ་བདུན་ཅུ་དོན་ལྔ་བརྒྱབ་པའི་ལོ་རྒྱུས་སྐྲུན་འདུག ༸གོང་ས་སྐྱབས་མགོན་པོས་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་ཛ་སག་གི་གོ་གནས་སྤྲད་པ་རེད། བརྒྱུད་རིམ་འདི་དག་གི་ཁྲོད་ནས་༸གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་བསུ་ཞུས་ནས་ད་ལྟའི་སྐབས་འཛམ་གླིང་དུ་བླ་མ་མེད་པའི་གུས་བཀུར་བྱ་ཡུལ་དུ་གྱུར་བའི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་མཚན་སྙན་གཟི་བརྗིད་ལ་བརྟེན་ནས་བོད་དོན་འདི་ཡང་གསོན་པོར་གནས་ཐུབ་པའི་བྱས་རྗེས་བཞག་པ་རེད། དེ་འབྲེལ་བོད་ཀྱི་ཆོས་རྒྱུད་ཆེན་མོ་ཁག་གི་བླ་ཆེན་ཁག་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་དུ་ཕེབས་པ་དང་། དེང་སྐབས་རྒྱ་གར་དུ་ཡང་བོད་བརྒྱུད་ནང་པའི་བསྟན་པ། གཡུང་དྲུང་བོད་དང་བཅས་པའི་བསྟན་པ་ས་དར་རྡོ་དར་དུ་གྱུར་བའི་རྐྱེན་དུ་གྱུར་པ་རེད། གཞན་ཡང་ཐོག་མར་༸རྒྱལ་བ་རིན་པོ་ཆེའི་རྗེས་སུ་འབྲང་ནས་བོད་མི་སྟོང་ཕྲག་བརྒྱད་ཙམ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་སྐབས་ཀྱང་མུ་ས་མ་རི་སོགས་སུ་ཆུ་བཞི་སྒང་དྲུག་གི་སྣེ་ལེན་བྱས་པ་དང་། སྦག་ས་ཆོས་སྒར་གསར་འཛུགས་སོགས་ལ་བྱས་རྗེས་བླ་མེད་དུ་བཞག་པ་ཡང་མི་རབས་རྒན་པ་དག་གིས་ཤེས་ཀྱི་ཡོད་པ་རེད།ད་དུང་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་མཐུད་བརྒྱུད་གློ་སྨན་ཐང་དུ་གསང་བའི་འཇབ་དམག་གི་སྒྲིག་འཛུགས་བཙུགས་དེ་རྒྱ་རྒོལ་བྱས་པ་དང་། རྗེས་སུ་ཡུལ་དུས་གནས་བབ་ཀྱི་རྐྱེན་པས་གློ་སྒྲིག་འཛུགས་ཕྱིར་བསྡུ་བྱས་རྗེས་ད་ལྟའི་ལྡེ་ར་ལྡུན་ཌོའི་ཌོའི་ (22) དམག་སྒར་གྱི་ངོ་བོར་གྱུར་ཡོད་པ་རེད། ངས་གོང་དུ་བཤད་པ་འདི་དག་ནི་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་ཁུལ་ནས་བོད་ཀྱི་བསྟན་སྲིད་རང་དབང་གི་ཆེད་དུ་དང་བླངས་དམག་གི་སྒྲིགས་འཛུགས་བཙུགས་པའི་སྔོན་གྱི་བྱུང་རབས་ཤིག་རེད་ལ། ད་ལྟའི་སྐབས་ལ་ཆ་བཞག་ན་ཡང་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་ཁུལ་ནས་འཚེ་མེད་ཞི་བའི་སྒོ་ནས་ཐ་ན་རང་ལུས་མེ་རུ་སྤར་བ་ཚུན་གྱི་བོད་བསྟན་སྲིད་རང་དབང་གི་ཆེད་དུ་བློ་གཏོང་བྱས་དང་བྱེད་མུས་སུ་ཡོད་པ་རེད། ད་ལྟ་བར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་ཁུལ་ཀྱི་བོད་མི་རང་ལུས་མེར་བསྲེག་གཏོང་མཁན་ཁོ་ན་བརྩིས་པ་ཡིན་ནའང་མི་གྲངས་ ༤༢ བྱུང་ཟིན་པ་རེད་ལ། དེ་དག་གི་ཁྲོད་ནས་མི་གྲངས་༣༢ འདས་གྲོངས་སུ་སོང་ཡོད་པ་རེད། དེ་མིན་གཞན་དག་གི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། དེ་མིན་རྒྱ་དམར་གཞུང་གིས་བོད་དོན་ཆེད་ལས་འགུལ་སྤེལ་མཁན་འཛིན་བཟུང་བཙོན་འཇུག་བྱས་པ་དང་། དམར་གསོད་བཏང་བ་བཅས་ནི་བགྲང་གིས་མི་ལང་པ་ལྟ་བུ་བྱུང་ཡོད། ད་དུང་ཡང་འཛམ་གླིང་མིམང་གིས་མདོ་ཁམས་ཁུལ་ནས་བོད་དོན་ཆེད་རང་ལུས་མེར་བསྲེག་གི་འཐབ་རྩོད་བྱེད་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། འཛམ་གླིང་མི་མང་གིས་བོད་མིའི་ཆོད་སེམས་དང་སྙིང་སྟོབས། ལ་རྒྱ། རྒྱལ་གཅེས་ཀྱི་བསམ་བློ། ༸གོང་ས་མཆོག་ལ་དད་འདུད་ཀྱི་འདུ་ཤེས་བཅས་ནི་མི་རིགས་གཞན་སུ་དང་ཡང་འདྲ་ཟླ་བྲལ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་རེད། དེར་བརྟེན་དེ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིགས་འཛུགས་འདིའི་དུས་དྲན་བསྲུང་བརྩི་བྱེད་སྐབས་ང་ཚོས་བོད་ཕྱི་ནང་གཉིས་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་ས་ཁུལ་ཁྱོན་ཡོངས་ཀྱི་སྐྱིད་སྡུག་གི་གནས་བབ་སེམས་སུ་བླངས་ནས་ཚོར་བ་ཡོད་པའི་སྒོ་ནས་དུས་དྲན་བྱེད་དགོས་པའི་གནས་སྟངས་ཤིག་རེད་སྙམ་ལ། འདི་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་ཁོ་ནའི་དུས་དྲན་བྱས་པ་ཙམ་མ་ཡིན་པར་བོད་མིའི་ཚང་མའི་སེམས་ངོར་དྲན་གསོ་ཐེབས་དགོས་པའི་གནས་ཚུལ་ཞིག་ཀྱང་རེད་འདོད། མ་གཞི་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་། དངོས་ཡོད་གནས་ཚུལ་ཤེས་མཁན་གྱི་བོད་མི་རྣམས་ཀྱིས་ནི་དེ་ལྟར་བྱེད་ཀྱི་ཡོད་པའི་ངས་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། མཐར་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟེན་ཅིང་བོད་ལ་ཞབས་སོར་མྱུར་དུ་འཁོད་ཐུབ་པའི་ཆེད་དུ་བོད་རང་དབང་སླར་གསོ་མྱུར་དུ་ཡོང་བའི་སྨོན་འདུན་ཞུ།

གསལ་བཤད། གོང་གི་གཏམ་བཤད་འདི་ནི་སྦེལ་ཀོབ་གཞིས་བྱེད་རྒྱལ་བའི་ཕོ་བྲང་དུ། སྦེལ་ཀོབ་ས་གནས་ཆུ་སྒང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ ༥༤ འཁོར་བའི་དུས་དྲན་སྐབས། ཆུ་སྒང་དབུས་སྤྱི་ཁྱབས་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་བྱས་རྗེས་རང་ངོས་ནས་གཏམ་བཤད་ཐུང་ཐུང་ཞིག་བྱས་པར་ཁ་སྣོན་ཅུང་ཟད་བྱས་ནས་བྲི་པ་ཡིན།༢༠༡༢།༦།༡༧ ཉིན་བྲིས།