གསེར་རྟ་རྫོང་ཁོངས་སུ་བོད་མི་ན་གཞོན་ཞིག་འཛིན་བཟུང་།
ཟླ་འདིའི་ཚེས་༡༩ ཉིན་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ ཚེས་༡༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་། མགོན་མཆོག་སྡེ་བ་ནས་ཡིན་པའི་བསམ་འགྲུབ་ཞེས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན། དེང་སྐབས་སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཡོད་པའི་གསེར་རྟ་རྫོང་ཁོངས་ནས་ན་ གཞོན་བསམ་གྲུབ་ཞུ་བ་ཞིག་ས་གནས་སྤྱི་བདེ་ཉེན་རྟོག་པས་ ༢༠༡༢ ཟླ་ ༦ ཚེས་ ༡༣ ཉིན་གློ་བུར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད། བསམ་གྲུབ་ལགས་ནི་ད་ལྟ་རང་ལོ་ ༣༡ ཙམ་དུ་སོན་པ་དང༌། ཕ་མིང་ལ་བསོད་རྒྱལ་དང༌། གསེར་རྟ་རྫོང་ཁོངས་མགོན་མཆོག་སྡེ་བ་ནས་ཡིན་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་དང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སྐོར་ལ་གནས་ ཚུལ་ཤེས་རྟོགས་གང་ཡང་བྱུང་མེད།
གསེར་རྟ་རྫོང་ཁོངས་སུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྔ་རྗེས་སུ་སེར་སྐྱ་མི་མང་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྣེ་མང་ཐོན་པར་བརྟེན། བོད་མི་ཞི་རྒོལ་བའི་སྟེང་རྒྱ་ནག་གཞུང་གི་སྤྱི་བདེ་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་ཞི་ རྒོལ་བ་དམར་གསོད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད།
དེ་མིན་ས་གནས་དེར་རྒྱ་ནག་གཞུང་གིས་བོད་མི་གཡུ་སྦྲང་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་པའི་གནས་ ཚུལ་ཁ་གསལ་ཐོན་འདུག་ཀྱང་། ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད་པ་རེད།།