ཁམས་རྫ་སྟོད་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག
ཟླ་འདིའི་ཚེས་ ༢༠ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༣དང་སྐར་༣༠ ཡས་མས་སུ་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་བོད་མི་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་འདུག་ལ། ཁོང་གཉིས་ཀྱིས་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་འདུག
གསར་འགྱུར་མཁོ་སྤྲོད་བྱས་པའི་ཡིག་ཐོག་ཏུ་འཁོད་དོན་ལྟར་ན། རང་ལོ་༢༢ ཡིན་པ་ངག་དབང་ནོར་འཕེལ་ནི་ཨ་མདོ་རྔ་བ་ཁུལ་རྔ་པ་རྫོང་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་ལྷག་པ་དོན་འགྲུབ་དང་མ་མིང་ལ་ཚེ་རིང་དབྱངས་ཅན་ཟེར་གྱི་ཡོད་པ་དང་། ལོ་ཤས་གོང་ནས་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག

རང་ལོ་༢༤ ཡིན་པ་བསྟན་འཛིན་མཁས་གྲུབ་ནི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་ཞིང་། ཕ་མིང་ལ་ལེགས་གྲུབ་དང་མ་མིང་ལ་སྐྱིད་འཛོམས་ཟེར་གྱི་ཡོད་དང་། དེ་སྔོན་ཟིལ་དཀར་དགོན་གྱི་གྲྭ་པ་ཡིན་པ་དང་ ༢༠༠༦ ལོར་སྐྱ་སར་བབས་འདུག
རང་ལུས་མེར་བསྲེག་གཏོང་སྐབས་ཁོང་གཉིས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་རེ་འཕྱར་ཡོད་པ་དང་། ཁ་ནས་བོད་རང་བཙན་དགོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་ནས་སྐད་འབོད་བྱས་ཡོད་འདུག
བསྟན་འཛིན་མཁས་གྲུབ་མེར་བསྲེག་བཏང་རྗེས་ཟིལ་དཀར་དགོན་དུ་ཁུར་ཡོད་འདུག་པ་དང་མི་མང་གིས་ཁོང་སྐུ་གྲོངས་ཡོད་པའི་ཚོད་དཔག་བྱས་འདུག ངག་དབང་ནོར་འཕེལ་སྨན་ཁང་དུ་ཁུར་ཡོད་པ་དང་། ད་ལྟ་ཟིལ་དཀར་དགོན་པའི་དགེ་འདུན་པ་རྣམས་རྫ་སྟོད་དུ་བསྐྱོད་ཡོད་འདུག་པ་དང་ས་གནས་སུ་འཕྲལ་དུ་བརྡ་འཕྲིན་བརྒྱུད་ལ་ཐོག་དཀའ་ངལ་འཕྲད་ནས་གནས་ཚུལ་ཇི་བཞིན་ཤེས་ཀྱི་མི་འདུག་ཟེར།
ད་དུང་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་འདས་པོ་ཁོང་གཉིས་ཀྱིས་ཁ་ཆེམས་ཡི་གེ་ཞིག་ཀྱང་འདུག་པ་འདི་ལྟར། “ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་ཏུ་༧གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པ་དང་། ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་བདམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།”ཅེས་འཁོད་འདུག
དེ་མིན་མེར་བསྲེག་བཏང་བའི་བརྒྱུད་རིམ་དང་དེང་སྐབས་ས་གནས་ཀྱི་གནས་ཚུལ་སོགས་གསལ་པོ་ད་ལྟ་རག་མ་སོང་། །
མེ་སོར་གསར་འགོད་པས།

