རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་གྲོས་བསྡུར།

ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དང་རྒྱ་ནག་གཉིས་བར་རེས་གཟའ་ལྷག་པ་ཉིན་བདེ་འཇགས་དང་སྲུང་སྐྱོབ་ཐོག་གྲོས་མོལ་བྱེད་རྒྱུར་མོས་མཐུན་བྱུང་ཞིང་། ཕྱི་ལོ་༢༠༡༥ བར་ཕྱོགས་གཉིས་ཀར་ཨ་སྒོར་ཐེར་འབུམ་༡༠༠ གི་ཁེ་བཟང་ཐོབ་པའི་ཚོང་འབྲེལ་བྱེད་རྒྱུར་ཐག་ཆོད་བྱུང་ཡོད་པ་རེད།

བྷི་རཱ་ཛིལ་དུ་ཁོར་ཡུག་གི་ཚོགས་ཆེན་ཞིག་རེས་གཟའ་ལྷག་པ་ནས་ཉིན་གསུམ་རིང་ཚོགས་བཞིན་ཡོད་པས། དེར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་དང་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་གཉིས་ཀྱིས་སྐར་མ་༤༠ རིང་གི་ཟུར་དུ་ཐུག་འཕྲད་བྱས་ཡོད་པ་རེད།

དེ་རྗེས་རྒྱ་གར་ཕྱི་སྲིད་དྲུང་ཆེ་རན་ཇཱན་མཱ་ཐཱེས་ཚོགས་ཆེན་གྱི་སྙོང་དོན་གསར་འགོད་པ་ཚོར་བརྗོད་དོན། རྒྱ་གར་སྲིད་བློན་མན་མོ་ཧན་སིང་གིས་རྒྱ་ནག་མཉམ་དུ་ཚོང་འབྲེལ་ཐོག་མཉམ་ལས་ཐོག རྒྱ་ནག་གིས་རྒྱ་གར་གྱི་ཚོང་ལས་ལ་དགའ་བསུ་ཞུས་ཡོད་སྐོར་དང་། རྒྱ་གར་གྱིས་རྒྱ་ནག་ཏུ་འབྲས་ཕྱིར་ཚོང་བྱེད་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་པ་རེད།

རྒྱ་ནག་གིས་རྒྱ་གར་དང་བྷི་རཱ་ཛིལ་དུ་ཐུག་འཕྲད་བྱས་པ་དེ་ཐེངས་༡༣ པ་རེད་ཅེས་ཝན་ཇཱ་པའོ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། མཱ་ཐཱེས་བརྗོད་དོན། སྲིད་བློན་གཉིས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དང་རྒྱ་གར་དུ་འབབ་བཞིན་པའི་ཆུ་བོ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱུང་ཡོད་པ་རེད། གཞུང་འབྲེལ་ནས་བརྗོད་པའི་སྐད་ཆ་ལྟར་ན། རྒྱ་ནག་གི་རྒྱ་གར་དང་ལྷན་དུ་ཆུ་བོའི་གནད་དོན་དེའི་ཐོག་སྐད་ཆ་བཤད་འདོད་ཡོད་པ་དང་། རྒྱ་གར་ལ་དེས་ཁེ་ཕན་ལས་གྱོང་ཆེ་བ་ཡིན་སྐོར་ཐོན་ཡོད་པ་རེད།  “རྒྱ་དཀར་ནག་གཉིས་བར་བདེ་སྲུང་དང་ཐབས་ཇུས་ཀྱི་ཐད་ནས་གྲོས་མོལ་བྱས་ནས་མུ་མཐུད་འགྲོ་དགོས་པ་ཞིག་རེད་”ཅེས་ཕྱི་སྲིད་དྲུང་ཆེས་བརྗོད།

རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བདེ་འཇགས་དང་དཔལ་འབྱོར་སོགས་ཀྱི་ཐད་གྲོས་མཐུན་བྱུང་ཡོད་པ་དང་། ཕྱོགས་གཉིས་བར་ཉིན་རེའི་འབྲེལ་ལམ་དང་སྐྱེལ་འདྲེན་ཇེ་ཡག་ཏུ་གཏོང་རྒྱུར་ཀུན་སློང་ཡོད་སྐོར་ནན་ཏན་གྱིས་གྲོས་བསྡུར་བྱས་ཡོད་པ་རྒྱ་གར་གྱི་སྲིད་བློན་གྱིས་བརྗོད་ཡོད་པ་རེད།

ས་མཚམས་ཀྱི་སྐད་ཆའི་ཐད་ལ་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་གཉིས་ལ་དམིགས་བསལ་སྐུ་ཚབ་བསྐོ་འཇོག་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། གནད་དོན་དེའི་ཐད་ཕྱོགས་གཉིས་ཀས་མཉམ་ལས་བྱེད་རྒྱུར་གྲ་སྒྲིག་བྱེད་རྒྱུ་ཡིན་པ་རེད། ཧི་མ་ཅལ་མངའ་སྡེ་གཞུང་གིས་བརྗོད་དོན། བོད་སྤུ་ཧྲང་ཕྱོགས་ནས་རྒྱུག་པའི་ཡར་ལུང་གཙང་པོའམ་བྷརྷ་མ་པུ་ཏ་རཱའི་གཙང་པོ་གློ་བུར་སྐམ་ནས་ཆུང་དུ་འགྲོ་བཞིན་འདུག་ཅེས་བརྗོད་ཡོད་པ་རེད།

ཕྱི་སྲིད་དྲུང་ཆེ་མཱ་ཐཱེས་“ཕྱི་ལོ་༢༠༡༥ ཚུན་ཆད་དུ་རྒྱལ་ཁབ་ཁག་གཉིས་ནས་ཨ་སྒོར་ཐེར་འབུམ་༡༠༠ ཐུན་མོང་ལ་ཁེ་བཟང་ཐོབ་པའི་ཚོང་འབྲེལ་བྱེད་རྒྱུར་ཐག་ཆོད་བྱུང་ཡོད་པ་རེད་”ཅེས་བརྗོད་འདུག །