༄༅།། དེངས་རབས་ཀྱི་ལོ་ཙྭ་པ་ཆེན་མོ་མཁས་དབང་བསོད་ནམས་དར་རྒྱས་ཀྱིས།
༄༅།། དེངས་རབས་ཀྱི་ལོ་ཙྭ་པ་ཆེན་མོ་མཁས་དབང་བསོད་ནམས་དར་རྒྱས་ཀྱིས།
གཅེས་ཤིང་ཕངས་པའི་ཡུལ་ཤུལ་བ།
ས་ཆེན་ཁྲོས་པའི་གཤོག་སྒྲོ་བརྡབས་ཤིང་ཡུལ་ལྷ་འཇིགས་པའི་དངངས་འདར་གྱིས།།
ཡུལ་ཤུལ་སྤུན་ཟླའི་ཚེ་སྲོག་ཤོར་ཞིང་གཞས་བྱེས་བོད་མིའི་མགོ་བོ་སྨད།།
ཞོགས་ཁའི་གངས་ཐང་རླུང་བུས་བཏེགས་པའི་སྤྲིན་པ་རི་བོ་ལ་འཁྱུད་ཅིང༌།།
མཐོ་ལྗོངས་ཡངས་པའི་མེ་ཏོག་དག་གིས་ཤི་བྲལ་བྱུང་བའི་དོན་རྐྱེན་གླེང༌།།
རི་སུལ་འབབ་པའི་རྫ་ཆབ་དྭངས་མོས་ཤིན་ཏུ་སྐྱོ་བའི་ཤུགས་རིང་འབྱིན།།
དྭངས་གཙང་རླབས་ཀྱི་ཆར་ཆིལ་ཟེགས་མས་བཞི་གཅིག་བཞི་ཡི་སྨེ་སྔགས་སྐྱུགས།།
ལྷོ་མཐའི་ཁ་བའི་མེ་ཏོག་མཆོད་པ་བྱང་གི་རི་བོའི་སྤོ་བ་འབབ།།
བྱང་ཕྱོགས་གངས་ཀྱི་རི་ལུང་ཐང་གསུམ་སྐྱོ་མདངས་ཆགས་པའི་མལ་དུ་ལྷུང༌།།
མགོ་བོ་གས་པའི་གཟའ་ཟླ་རིག་ན་ཆུང་མའི་སྙིང་གི་འཕར་རྩ་འཇགས།།
ཡག་ལག་གཏུབས་པའི་བྱིས་པ་མཐོང་ན་ཨ་མའི་སེམས་ཀྱི་ཁང་ཆེན་རྡིབ།།
ཀླད་ཁྲག་བསྲེས་པའི་ཕ་མའི་བེམ་གཟུགས་གློག་བརྙན་ནང་ནས་བསྟན་པ་ན།།
ཐག་རིང་ཡུལ་གྱི་བུ་ཕྲུག་མང་པོའི་སེམས་ཀྱི་འཇིག་རྟེན་ཞིག་པར་བྱེད།།
ཞིག་རལ་སོང་བའི་གྲོང་ཚོ་དེ་ན་ཁར་སང་སྐྱིད་པའི་དགོད་སྒྲ་ཞིག།
གློ་བུར་མི་རྟག་དུས་ཀྱིས་དྲིལ་བ་དེ་རིང་སྐྱོ་བའི་མདངས་སུ་འཕོ།།
སེམས་ཀྱི་མྱ་ངན་རི་མོར་བྲིས་ཏེ་ཡིད་སྐྱོ་ཆེན་མོའི་མཚོ་ལ་འཕེན།།
དྭངས་པའི་སེམས་ཀྱི་རབ་སོ་ཞིག་ནས་སླར་ཡང་ཁྱེད་ལ་འཛུམ་ཞིག་སྐྱེལ།།
རང་སེམས་སྐྱོ་མོའི་རྒྱུད་སྐུད་བར་ནས་ཡུལ་ཤུལ་སྤུན་ཟླར་དབྱངས་ཤིག་བཀྲོལ།།
ཤི་གསོན་བར་གྱི་སྒྲིབ་ཡོལ་ཕྱེས་ནས་ནང་སེམས་འཇིགས་པ་གཡེར་བྱེད་ཀྱི།།
ནང་གི་སེམས་ཀྱི་གཤིས་སུ་ཆགས་པའི་རང་བཞིན་དག་པའི་སྙན་དབྱངས་འདིས།།
ཁྱོད་ཀྱི་སེམས་ལ་དྲོད་དང་བཅས་པའི་མི་འཇིགས་གདངས་ཤིག་སྩོལ་བར་ངེས།།