སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་དབང་གནང་བ།
ཟླ་འདིའི་ཚེས་༡༧་ཉིན་གྱི་ཞོགས་པ་ཆུ་ཚོད་༨་༣༠་ཕྱེད་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཤེས་ཡོན་དང་སློབ་གསོའི་ཚོགས་ཆུང་གིས་གོ་སྒྲིག་འོག་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་བ་བཏབས་པ་བཞིན་མོན་གྷོ་འདོད་རྒུ་གླིང་མི་མང་ལ་བཀའ་དབང་དང་ནང་ཆོས་ངོ་སྤྲོད་བཅས་རིམ་པའི་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་གནང་ཡོད་པ་དང་།
ཚོགས་ཐོག་མོན་གྷོ་ས་གནས་ཀྱི་བཙོན་དགོན་བྱང་ཆུབ་ཆོས་གླིང་གི་གཙོས་གཞིས་གྲོང་ཁག་དགུའི་མི་མང་ཧ་ཅང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་དང་། དེ་ཡང་ཐོག་མར་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མི་མང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གཉིས་ཀྱི་བཀའ་དབང་ཟབ་མོ་གནང་གྲུབ་པ་དང་མཉམ་དུ་མི་མང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་ལམ་དོན་གྱི་གསུང་བཤད་གནང་དོན།
ང་རང་ཚོ་ཚང་མའི་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བསམ་པ་བཟང་པོ་ཐོག་ནང་ཆོས་ལ་རང་ནུས་གང་ཡོད་ཀྱི་སློབ་གཉེར་བྱས་པ་ཡིན་ན་བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་དེ་ནས་རྙེད་ཀྱི་ཡོད་པ་རེད་ལ། དེ་ག་ནང་བཞིན་གནས་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གི་དཀའ་ངལ་སེལ་ཐུབ་པའི་ཐབས་ལམ་དང་། མཐར་ཐུག་གི་ང་རང་ཚོའི་དཀའ་ངལ་ཆ་ཚང་སེལ་ཐུབ་ཀྱི་རེད་བསམ་གྱི་འདུག བྱས་ཙང་ང་རང་ཚོའི་རྩ་དོན་གྱི་ཆེད་དུ་ཡིན་ནའང་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་དག་སེམས་ལ་ཡག་པོ་བཞག་པའི་ཐོག་ནས་ལས་འགུལ་བཟང་པོ་ཞིག་སྤེལ་དགོས་པ་རེད་མ་གཏོགས་ནང་ཕན་ཚུན་ཕྱོགས་རིས་དང་རྩོད་གླེང་བྱས་བསྡད་པ་ཡིན་ན་སྤྱི་སྒེར་ཡོངས་ཀྱི་ལས་དོན་འཐུས་ཤོར་ཉག་གཅིག་ལས་མེད་པ་སོང་ཙང་། བོད་མི་ཚང་མིའི་འཕྱར་གྲུ་མཉམ་འདེགས་དང་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཐོག་བོད་དོན་བདེན་མཐའ་སེལ་ཐབས་སུ་འབད་རྩོན་བྱེད་དགོས་པ་རེད། དེ་འདྲ་བྱས་པ་ཡིན་ན་སྔོན་མ་ང་རང་ཚོ་བཙན་བྱོལ་ལ་ཐོག་མར་འབྱོར་སྐབས་ལ་བསམ་བློ་བཏང་བ་ཡིན་ན་གནས་སྟངས་ཧ་ཅང་སྐྱོ་བོ་རེད་དེ། ད་ལྟའི་ཆར་བཙན་བྱོལ་ནང་དགོན་སྡེ་དང་སློབ་གྲྭ་སོགས་རྒྱབ་ཐུབ་ཡོད་པ་མ་ཟད་བཙན་བྱོལ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ནས་གནས་སྟངས་ཡར་རྒྱས་ཞེ་དྲག་འགྲོ་ཡོད་པ་རེད། དེ་ཚོ་ཚང་མ་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་རེད། དེ་དང་མཉམ་དུ་བོད་པ་ཚོའི་བོད་སྤྱིའི་རྩ་དོན་རྩོད་རྒྱུར་རེ་བ་ཞིག་རྒྱབ་ཡོད་པ་རེད། གལ་སྲིད་བོད་པ་ཚོར་དང་པོ་ནས་རེ་བ་དེ་དང་དམིགས་ཡུལ་དེ་མེད་ན་སྤྱི་བའི་རྩ་དོན་བརླགས་འགྲོ་གི་རེད་མ་གཏོགས་ཕྱིའི་མི་ཞིག་གིས་རོགས་སྐྱོར་གཅིག་པོ་ལ་བརྟེན་ནས་བོད་པའི་རྩ་དོན་བརྩད་ནས་གྲུབ་འབྲས་ཐོན་པ་ཞིག་ཀྱང་ཁག་པོ་ཞེ་དྲག་རེད། བོད་པ་རང་ཉིད་ཀྱིས་རྩ་དོན་རྩོད་རྒྱུར་རེ་བ་བཟང་པོ་ཞིག་དང་སྤོབས་པ་ཆེན་པོ་ཞིག་གི་ཐོག་ནས་རྐང་འགན་ཁུར་ཐུབ་པ་ཡིན་ན་དེའི་ཆ་རྐྱེན་ནམ་རོགས་རེམ་གཞན་གྱི་སར་ལེན་ཐུབ་པ་རེད་ལ། དེ་འདྲ་ཞིག་བྱུང་བ་ཡིན་ཏན་ཏན་ནུས་པ་ཡང་ཐོན་གྱི་རེད། དེ་རིང་སེང་ཉིན་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ཐོག་བོད་དོན་ལ་གང་འཚམ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ༧གོང་ས་མཆོག་རྒྱལ་ཁབ་གང་ལ་ཆིབས་བསྒྱུར་གནང་བ་དེར་བོད་དོན་རྒྱབ་སྐྱོར་ཏན་ཏན་ཡོང་གི་ཡོད་པ་རེད།སོང་ཙང་༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ་དང་སྐུ་ཚེ་མཐའ་རུ་ཕྱིན་པའི་ཆེད་དུ་གསོལ་བ་སྨོན་ལམ་རྒྱབ་དགོས་པ་གཅིག་དང་། ལྷག་པར་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་གལ་མེད་ཐོག་ལས་དོན་གང་ཞིག་ཡིན་ཡང་འབད་རྩོན་ཧུར་ཐག་བྱེད་དགོས་པ་རེད་ཅེས་དང་།
ཡང་ཁོང་གིས་མུ་མཐུས་ནས་གསུང་དོན། ང་རང་ཙོ་བཙན་བྱོལ་ནང་ན་ཡོད་མཁན་ཚོའི་བོད་ནང་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་ཐོབ་ཐང་སྤྲོད་ཀྱི་མི་འདུག་ཅེས་ལབ་བསྡད་ཡོད་པ་རེད། ང་རང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་སྡོད་མཁན་ཚོ་མ་འོངས་པ་ང་ཚོ་བོད་ནང་ལོགས་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་བོད་ཡིག་དང་བོད་སྐད་དེ་ཚོ་ཤེས་ལ་མི་ཤེ་ལ་རྒྱབ་བསྡད་པ་ཡིན་ན་ངོ་ཚ་བོ་ཞེ་དྲག་རེད་པས། ང་ཚོ་ག་རེ་ལབ་དགོས་པ་རེད། ད་ལྟའི་ཆར་བོད་ན་ཡོད་མཁན་ཚོའི་སོ་སོའི་སྐད་ཡིག་ཉིན་མོ་སྦྱང་རྒྱུ་ཁོར་ཡུག་དང་གོ་སྐབས་བ་རེག་པ་ཡིན་ནའང་མཚན་མོལ་སྦྱང་བསྡོད་ཀྱི་ཡོད་རེད། ཐ་ན་སོ་སོའི་ཚེ་སྲོག་ཀྱང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་གཏོང་གི་ཡོད་པ་རེད། དེ་ཡང་ཞེ་སྡང་དང་ཁོང་ཁྲོ་ཀུན་ནས་བསླང་བ་ཞིག་རྩ་བ་ནས་མིན་ལ་མི་རིགས་ཞིག་དང་རྒྱལ་ཁབ་ཞིག་གི་ཆེད་དུ་སོ་སོ་རང་ཉིད་བློས་བཏང་གནང་བཞིན་ཡོད་པ་རེད། དེ་ཡང་གཙོ་བོ་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་བྱུས་ལ་ཁ་གཏད་གཅོག་གི་ཡོད་པ་ཡིན་གྱི་རེད་དེ་ཕྱོགས་གཅིག་ནས་ང་ཚོ་ལ་རེ་བ་བརྡ་ལན་སྤྲོད་ཀྱི་ཡོད་རེད། རྒྱ་གར་རང་དབང་ལུང་པར་སྡོད་མཁན་ཚོ་ལྷོད་ལྷོད་བྱས་ནས་མ་སྡོད་ཟེར་གྱི་ཡོད་རེད། བྱས་ཙང་ང་རང་ཚོའི་སོ་སོའི་སྐད་ཡིག་རིག་གཞུང་སྦྱང་བརྩོན་བྱེད་རྒྱུར་འབད་རྩོན་ཏན་ཏན་བྱེད་དགོས་པ་རེད་དྲན་སོང་། ད་ལྟའི་ཆར་ཡང་ང་ཚོའི་སོ་སོ་རང་ཉིད་ཀྱི་ཆོས་དང་བོད་ཡིག་སོགས་ཡག་པོ་ཤེས་ཀྱི་མེད་པ་ཙམ་དུ་མ་ཟད། བོད་སྐད་དེ་ཡང་མ་ཤེས་ནས་ཧིན་དྷིས་དང་དབྱིན་ཇི་ཆགས་ཀྱི་ཞིག་རྒྱབ་བསྡད་པ་ཡིན་ན་ངའི་ཕ་མ་བོད་པ་རེད་ཁྲག་དེ་བརྟག་དཔྱད་འདྲ་བྱས་པ་ཡིན་ན་བོད་པ་རེད་ཟེར་བ་ཙམ་གྱི་གོ་ཞིག་གལ་ཆོད་ཡོད་པ་མ་རེད། བྱས་ཙང་དེ་འདྲ་ཡིན་དུས་ཚང་མའི་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ནང་ནང་ཆོས་སློབ་གཉེར་བྱེད་ཆོག་གི་ཡོད་པ་མ་རེད་དགོན་པའི་ནང་གྲྭ་བ་བཀག་འགོག་བྱེད་ཀྱི་ཡོད་རེད། སློབ་གྲྭའི་ནང་བོད་ཡིག་སློབ་སྦྱོང་བྱེད་འཇུག་གི་ཡོད་པ་མ་རེད་ལ་ཞེད་སྣང་འོག་འཚོ་གནས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ཁོང་ཚོའི་སེམས་ཤུགས་དང་སྙིང་སྟོབས་ལ་ཡི་རིང་དང་བསྔགས་བརྗོད་བྱེད་དགོས་པ་ཙམ་དུ་མ་ཟད་ང་ཚོའི་མིག་དཔེ་ལྟ་དགོས་པ་ཞིག་ཏན་ཏན་རེད་ཅེས་སོགས་གསུངས་སོང་ལ་དེ་དང་མཉམ་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་གནང་མཁན་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཎི་གསོག་སྒྲུབ་དང་ཐུགས་སྨོན་སྐྱབས་མཇུག་ཀྱང་གནང་སོང་།
དེ་རྗེས་སུ་མོན་གྷོ་ས་གནས་ཤེས་ཡོན་དང་སློབ་གསོའི་ཚོགས་ཆུང་གིས་ལས་བསྡོམས་སྒྲོགས་སྦྱང་དང་། མོན་གྷོ་གཏན་ཉིན་སློབ་གྲྭ་དང་གཞིས་གྲོང་དྲུག་པའི་སློབ་གྲྭ་གཉིས་ཀྱི་ནང་ནས་འཛིན་རིམ་དྲུག་པ་དང་བདུན་པའི་སློབ་ཕྲུག་ཁག་གཅིག་ནས་བསྡུས་གྲྭའི་མཚན་ཉིད་རིགས་ལམ་ཐོག་རྟགས་གསལ་བཏང་དེ་མཆོག་སྤྲུལ་རིན་པོ་ཆེའི་གཙོས་མི་མང་ལ་གཟིགས་འབུལ་ཞུས་སོང་བ་བཅས་ཀྱི་ཉིན་འདིའི་ཆོགས་ཕྱོགས་ཀྱི་བྱེད་སྒོ་ཡོངས་སུ་མཇུགས་དྲིལ་ཡོད་པ་རེད།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།
