རང་བསྲེག་དང་འབྲེལ་བའི་སེམས་ཚོར་ཐན་ཐུན་ཞིག

ད་ནི་ལྟས་ལྟས་རིག་རིག་ལ་ཤ་ཁྲག་གདུང་རྒྱུད་གཅིག་པའི་སྤུན་ཟླ་བཞི་བཅུ་ཙམ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཕྱི་མིག་དང་འཁྲེང་ཞེན་མེད་པར་མེ་ལྕེའི་དམར་པོའི་ཀློང་ནས་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་སོང་། ངོ་རྒོལ་གྱི་མེ་ལྕེ་རེ་རེ་འབར་ཐེངས་རེར་ཤུལ་དུ་ལུས་པའི་ང་ཚོའི་སེམས་པའང་སྡོད་མི་ཚུགས་པའི་སྡུག་བསྔལ་ལྕི་མོ་ཞིག་གི་ཟབ་ཏུ་བཅུག་ཅིང་ཡང་སྙིང་ཅི་ཞིག་བྱ་དགོས་ཆ་མ་འཚལ་བའི་སེམས་པ་རྟབ་རྟོབ་པོར་དང་བློང་བློང་པོར་ཞིག་ཏུ་བཟོས་སོང་།

  ཁྱོད་ཚོས་མི་རིགས་ཀྱི་དོན་དུ་བློས་བཏང་བ་ནི་ཤ་ཁྲག་རུས་གསུམ། ལུས་ངག་ཡིད་གསུམ། དོན་ལྔ་སྣོད་དྲུག འདས་མ་ད་གསུམ། རྒྱུ་དངོས་འབྱོར་གསུམ། མདོར་ན་ཡོད་ཚད་ནས་ཡོད་ཚད་རེད། ཁྱོད་ཚོའི་སྙིང་སྟོབས་ནི་རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་རབ་གཏོས་མཐོ་བ་ཅིས་མི་མདེན། ཁྱོད་ཚོས་དགོས་འདུན་གཅིག་པོ་ནི་བོད་རང་དབང་དགོས། གོང་མཆོག་རང་ཡུལ་དུ་གནད་འདྲེན་ཞུ་དགོས་ཞེས་པ་འདི་རེད། འདི་ནི་བོད་མི་རྩམ་གཟན་པ་ཡོངས་ལ་འཁྲི་བའི་འགན་ཡིན་པ་ལས་ཁྱོད་ཚོ་ཁོ་ནའི་ཁ་ཕོར་ཞིག་གི་ཆེད་དུ་ག་ལ་ཡིན། ཁྱོད་ཚོའི་སྙིང་སྟོབས་ནི་མི་རིགས་ཤིག་གི་འཐབ་རྩོད་དང་གཅིག་ཏུ་འབྲེལ་ཞིང་ཁྱོད་ཚོའི་བློས་བཏང་ནི་བོད་ཀྱི་བདེན་དོན་དང་ངོ་བོ་གཉིས་སུ་མེད།
ཁྱོད་ཚོ་རེ་རེར་ཆས་ཤུལ་ན་རྒྱལ་སྤྱིའི་གསར་ལམ་ཁག་ལན་རེར་འགུལ་བཞིན་འདུག་ལ་རྒྱ་དྲག་པོའི་གཞུང་ཀྱང་སྐབས་རེར་སྒུལ་གྱིན་འདུག་མོད། ཁྱོད་ཀྱི་སྤུན་ཟླ་ཚོས་ནི་ལག་ཏུ་མར་མེ་ཐོགས་ཏེ་ཁ་ནས་བདེན་ཚིག་སྐྱོར་བཞིན་ཁྱོད་ཚོར་སྐྱབས་འཇུག་དང་སྨོན་ལམ་ཞུ་བཞིན་འདུག ད་དུང་ཆབ་སྲིད་པ་འགའ་རེས་ཁྱོད་ཚོ་ནི་སྡུག་གྱོང་དང་གནར་གཅོད་ཀྱི་ཁྲོད་ན་བཙུན་དུ་ཚུད་པའི་བཙོན་པ་ཞིག་ཡིན་པ་ལྟར། འ་ཆད་འུ་ཐུག་ཏེ་རང་སྲོག་བློས་བཏང་བ་ལྟ་བུའི་ཁྱབ་བསྒྲགས་བྱས་པ་ཙམ་ལས། ཁྱོད་ཚོས་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་རང་ཉིད་བློས་བཏང་བའི་གཟི་བརྗིད་ཀྱི་ངོས་དེ་མཐོང་གིན་མི་འདུག ཆོས་ལུགས་པ་རེ་ཟུང་ཞིག་གིས་ཁྱོད་ཚོ་ནི་བོད་མི་རིགས་ལ་ཤ་ཚ་ཞིང་རང་གི་རིག་གཞུང་ལ་སྙིང་ཉེ་བའི་གདོང་དམར་པའི་ཤ་ཁྲག་ལས་གྲུབ་པའི་རྩམ་གཟན་པའི་མི་བུ་དཀྱུས་མ་ཞིག་གི་ལུས་བླངས་པའི་རྒྱལ་གཅེས་དཔའ་བོ་ཞིག་གི་ངོ་གདོང་ངོ་མ་དེར་མི་ལྟ་བར། གང་ཞིག་རྟོགས་ཟིན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་རབས་སྒྲུབ་བཞིན་འདུག  འདི་དག་ནི་དཔའ་བོ་ཁྱོད་ཅག་བཞུད་སོང་བའི་སྔ་རྗེས་ཀྱི་ཕྱི་ནང་ཁོར་ཡུག་གི་གནས་སྟངས་ཙམ་རེད། ཚེ་སྲོག་གིས་བསླངས་པའི་ལོ་རྒྱུས་ཀྱི་རྡོ་རིང་ནི་དུས་ནམ་ཡང་ནུབ་པ་མེད་པར་དུས་རབས་ཤིག་གི་ཁུག་སོ་ན་ལྷམ་མེར་འགྱང་ངེས།
ཡོད་ཚད་ལས་རྩ་ཆེ་བ་ནི་ཚེ་སྲོག་ཡིན་ཞིང་ཁོང་ཚོས་བློས་བཏང་མང་མ་དྲག་ནའང་ཉུང་དྲག་མེད་པ་ཡིན། ད་ནི་ཤུལ་དུ་ལུས་པའི་ང་ཚོས་ཀྱང་ཁོང་བུ་ཅག་གིས་ང་ཚོར་བཞག་པའི་ཁ་ཆེམས་རྣམས་རེ་རེར་བཞིན་ལག་ཏུ་བླངས་ནས་དོན་དུ་ཨེ་འཁྱོལ་ལྟ་དགོས་ཤིང་། ་དཔའ་བོ་ཡིན་པའི་བསྟོད་བསྒྲགས་དང་བྱང་སེམས་ཡིན་པའི་ཆོས་སྒྲུབ་བྱེད་དགོས་པའི་དུས་ཚོད་མིན་པར་ང་ཚོ་ལ་ཅི་ཞིག་གི་སྟོང་སོང་བ་དེ་རང་ཉིད་ཀྱིས་ལག་པས་བསྐོང་ཐུབ་བྱ་རྒྱུ་དང་། ང་ཚོའི་གང་ཞིག་ཉམས་བཞིན་པ་དེ་ང་ཚོ་རང་ཉིད་ཀྱི་ལག་པའི་གསོ་ཐུབ་བྱ་དགོས་ཀྱི་འདུག དེ་ལྟར་བྱེད་ན་ད་གཟོད་ཁོང་རྣམས་ཀྱིས་ཚེ་སྲོག་གི་སྒུལ་ཤུགས་ཀྱིས་ང་ཚོ་འགུལ་ཐུབ་པ་ཡིན་ལ། ཁོང་ཚོས་ང་ཚོར་བཞག་པའི་ཁ་ཆེམས་ཀྱང་བཞག་གོ་ཆོད་སོང་བ་ཡིན། གལ་ཏེ་མི་རིགས་ཀྱི་གནད་དོན་བསམ་པའི་རྩམ་གཟན་པ་ཞིག་ཡིན་ན། གཞན་ཞིག་ལ་བརྟེན་ནས་གང་ཞིག་རག་ཡོང་བསམ་པའི་རེ་བ་སྐྱིད་པོ་དེ་རྒྱག་མཚམས་བཞག་ཏེ་རང་ཉིད་ནས་འགོ་བརྩམ་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེན་དེ་རེད།