དེང་སང་གངས་ཀྱི་ལང་ཚོ།

དེང་སང་གངས་ཀྱི་ལང་ཚོ། མ་ཧེ་འདི་ཚོའི་ལྟ་སྟངས་ལ་བལྟས་ན་རི་ཕར་ངོས་ན་གནད་དོན་ཞིག་ཏན་ཏན་ལྷག་གིན་ཡོད་ས་རེད། སྤྱིར་བཏང་འདི་ཚོར་རྔ་མ་རིང་པོ་ཞིག་དང་རྭ་གོག་ཀྱང་བཙན་ཙམ་ཡོད་མོད། དེ་དག་ནི་རང་ལུས་དང་ཁ་ཐག་རིང་ས་ཞིག་ན་སྤྱོད་མཁན་ཉུང་ཉུང་རེད། ཁོ་ཚོར་འདྲ་སའི་བག་ཆགས་ཤིག་ཡོད་པ་ནི། ནམ་ཡང་ཁ་བ་དང་གངས་རི་མཐོ་ས་ཞིག་ལ་མིག་གིས་ཅེར་ནས་རྣ་བས་ཉན་སྡོད་པའི་ཟོལ་འདི་རེད།

* ད་དུང་རི་མགོར་འཛེགས་པའི་སེང་གེ་འདིས་གཉོམ་དུང་དུང་གི་ངར་སྒྲ་བསྒྲགས་སྟངས་འདིས་ཀྱང་འཛམ་བུ་གླིང་ན་བཀྲ་ཤིས་ལོ་ལེགས་ཤིག་ཡོང་གིན་མེད་པ་ཤེས་ཐུབ། ཡིན་ནའང་ངར་སྒྲ་བསྒྲགས་ཐེངས་རེར་རྟེའུ་མི་ཉུང་བ་ཞིག་གིས་འཚེར་སྐད་མགྲིན་གཅིག་ཏུ་སྒྲོག་གིན་འདུག་ལ། འཚེར་སྐད་དེའི་ཕྱོགས་ས་གཞན་ཞིག་ཡིན་ན་དགའ་མོད་ཟླ་མང་རིང་སེང་གེར་ཅོ་འདྲི་བ་ཙམ་རེད། ད་དུང་ན་སོ་བཞི་པའི་རྟ་རྒན་རེ་གཉིས་ཀྱང་མཉམ་འཚེར་རེད། འོན་ཀྱང་རྟ་ཕོ་རྒྱུག་ཤེད་ཅན་མང་པོ་ཞིག་ནི་ནམ་རྒྱུན་ལྟར་འཚེར་སྟངས་ནོར་ཀྱིན་མི་འདུག་པས་དགའ་བོ་འདུག
* དེང་སང་དར་ལྕོག་རྣམས་ནི་ལྷོད་ཀྱིས་རྡེབ་ཀྱིན་འདུག ཤར་རླུང་ལྡང་དུས་ནུབ་ཏུ་རྡེབ་པ་དང་ནུབ་རླུང་ལྡང་དུས་ཤར་དུ་རྡེབ་ཀྱིན་པ་ལྟར་རེད། དར་ལྕེ་རུ་ཆོས་ཡི་གེ་དྲུག་མའི་གཟུངས་སྔགས་བྲིས་ཡོད་རབས་རེད་མོད། ལོ་རྒྱུས་ཀྱི་སྐབས་མཚམས་འདི་ནས་བལྟས་ན། ད་ནི་གཟུངས་སྔགས་དག་གཏན་ནས་ཡལ་ཟིན་པའམ། དུས་རབས་གསར་པའི་རས་གཞིའི་སྟེང་དུ་གཟུངས་སྔགས་དོད་ཀྱིན་མེད་པ་ཡིན་ནམ། གང་ལྟར་སྔོན་མ་བཞིན་བྱིན་རླབས་ཟེར་བ་ཞིག་དེ་ཙམ་ཡོད་ཚོད་མི་འདུག་གོ
* མི་མང་པོ་ཞིག་གིས་ཉིན་དང་མཚན་ཕུད་ནས་ཁང་ཆུང་གྲུ་བཞི་མ་རེའི་ནང་ལག་འཛིང་བྱེད་སྟངས་ཀྱི་དམག་སྦྱོང་བྱེད་ཀྱིན་འདུག འགའ་རེས་ནི་ལམ་ཁའི་སུམ་མདོར་ཆས་ཏེ། དྭངས་བླངས་ལམ་སྲུང་དམག་མིའང་བྱེད་ཀྱིན་འདུག་མོད་གཅིག་ན་ཁོང་ཚོར་དེ་དག་གི་དམག་སྦྱོང་མེད་ལ། གཉིས་ན་དགྲ་བོས་ལམ་ཁ་དེ་དག་བརྒྱུད་ནས་ཡོང་གིན་ཡོད་ན་འགྲིག་མོད། དགྲ་བོ་ནི་སྔོན་མ་ལྟར་ལམ་ཁ་མེད་ས་ནས་ཡོང་ཞིང་། སྤོ་སྤོ་ཚོས་ས་ཆ་བཙན་ས་ནས་རྒོལ་མྱངས་བ་ལྟར་རེད།
* གངས་སུལ་གྱི་གཡག་དང་འབྲི་མོའི་ཚེ་སྲོག་ནི་སྟག་གི་མཆེ་བར་ནས་ནམ་ཡང་ཁྲག་དམར་འཛར་འཛར་ཕེབས་ཀྱིན་འདུག ཕེབས་སྟངས་འདི་ཚོའི་ལོ་རྒྱུས་རྣམས་མཆོད་མེ་ཀོང་བུ་རེ་རེས་བཞེངས་ཀྱིན་ཡོད་མོད། མཆོད་ཀོང་གི་མེ་ལྕེའི་གསེང་ནས་གཡག་རོག་ཚོ་དམར་ལམ་ལམ་འཚིག་གིན་པ་ལྟར་རེད། མཆོད་མེ་དང་ཤོག་གུ་རྣམས་རྫོགས་ཚོད་མ་རེད་དེ། བཞེངས་བྱའི་ལོ་རྒྱུས་འདི་གྲངས་ཀ་མི་ཐེབས་པ་མི་འདུག མི་ཐོག་འགའི་རྗེས་ལོ་རྒྱུས་འདི་ཚོ་རླུང་གིས་ཁྱེར་སྲིད་པའི་ཚོད་དུའང་འདུག་པས། ཤོག་ངོས་ཀྱི་རྣམ་ཤེས་འདི་ཚོ་ཅི་འདྲའི་སྙིང་རྗེ་བ་ཞིག་མ་རེད་དམ།
* མནའ་སྔ་མོ་བསྐལ་བཟང་དུས་བཟང་གི་ཚེ་ན། ཡར་གངས་རིའི་རྩེ་ན་སེང་གེ་དཀར་མོ་འགྱིང་དུས། སྟོད་ཀྱི་རླུང་རྟ་དགུང་ལ་མཐོ་ཞིང་སྨད་ཀྱི་རྟ་ཕོའི་འཚེར་སྐད་བཟང་། བར་ན་མི་ཡི་དཔུང་པ་རྒོད་ཅིང་སྨན་བུ་མོའི་ཞེ་མདང་ནང་ལ་ཕྱུང་འདུག་གོ ཨ་རོག་ཚོ། 2012.3.7 ཉིན།