རྟོགས་སད་དང་རྟོགས་སད་བར་གྱི་ཁྱད་པར།

རྟོགས་སད་དང་རྟོགས་སད་བར་གྱི་ཁྱད་པར། རྟོགས་སད་ནི་སུ་ལའང་མཁོ་ཞིང་སུ་ལ་ཡང་དགོས། རེད་དེ་རྟོགས་པ་སད་ན་སད་སྟངས་ཀྱི་རྒྱུ་རིམ་ཞིག་དང་། སད་པའི་གྲུབ་འབྲས་ཡང་དག་གི་ཐབས་ལམ་དང་རྟོགས་སད་ཀྱི་ལེགས་སྐྱེས་སོགས་ཚད་ལྡན་ཚུལ་མཐུན་ཞིག་དགོས་པ་ལས། རང་དགར་གཡམ་དང་ཧོལ་རྒྱུག་ཙམ་གྱིས་རྟོག་སད་དུ་ཁས་འཆེས་པས་ནི་ཅི་ཡང་མི་ཕན།

སྔར་རང་རེའི་ལྗོངས་འདིར་བྱོན་པའི་ཆོས་བློན་ཐོན་མི་ནས་བཟུང་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་དང་། བཙན་པོ་རིམ་བྱོན། ཆོས་ལུགས་ཆེད་མཁས་ཀྱི་མི་སྣ་རྣམས་ནི་རྟོགས་སད་པ་ཡང་དག་པ་སྟེ། མི་གཞིའི་ཀུན་སྤྱོད་དང་མི་རིགས་རིང་ལུགས་རྒྱལ་ཁམས་སྲ་བརྟན་དང་སྤྱི་ཚོགས་ལེགས་བཅོས་སོགས་ལ། བླ་དང་རབ་དང་རྨད་དུ་བྱུང་བ་དང་ཕུལ་དུ་ཕྱིན་པའི་བྱས་རྗེས་ནི་ལོ་རྒྱུས་དང་དངོས་ཡོད་ཀྱི་བདེན་དཔང་ཐུབ་པ་ཞིག་ལས་མུན་ནག་སྦར་བསྙབ་དང་དོན་མེད་རྟོག་སྒྲུང་གིས་འགྲེལ་བཤད་དགོས་པའི་གནད་དོན་ཅང་མ་རེད། དུས་རབས་ཉི་ཤུ་པའི་ནང་ན་ཡང་མཁས་དབང་དགེ་ཆོས་མཆོག་དང་། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་རྣམ་ནི་ངེས་པ་དོན་གྱི་རྟོགས་སད་པ་ཆེན་པོ་སྟེ། ཆོས་སྲིད་གང་ལའང་མཁྱེན་ཡོན་རྒྱས་ཤིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་མདུན་ལམ་སོགས་ལ། ཐུགས་སེམས་གཙང་ཞིང་ཐབས་སྒོ་བཟང་བ་སོགས་སྐབས་དེ་དང་དེའི་དུས་ཀྱི་བཀག་རྒྱ་དང་འཕྲལ་གྱི་ཁེ་ཕན་ཙམ་ལ་དབུ་མི་འཁོར་བར་བོད་མི་རིགས་ཀྱི་བདེ་སྡུག་ཁོ་ནར་གཟིགས་ཐུབ་པ་འདི་རྟོགས་པ་སད་པའི་དན་རྟགས་ཤིག་ལོས་ཡིན། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུ་འང་༧གོང་ས་མཆོག་གཙོས་རྟོགས་པ་སད་པའི་མི་བུ་མི་ཉུང་བ་ཞིག་གིས་རང་གི་རྟོགས་པ་སད་རྐྱེན་མི་རིགས་ལེགས་ལམ་དུ་ཁྲིད་པའི་ཐབས་ཚུལ་སྣ་ཚོགས་ལ་ནུས་པ་ཐོན་མིན་ལ་ལྟོས་པར། གསར་གཏོད་དང་ལེགས་བསྒྱུར་རྒྱུན་སྐྱོང་སོགས་ལ་འབད་པ་ལྷོད་མེད་གནང་བ་འདི་ཚོ་ནི་བཤད་མ་དགོས་ཇོ་བོའི་དབུ་སྐྲའི་དཔེ་ལས་མ་འདས། ལྷག་པར་དུ་ཡང་བོད་ནང་བཞུགས་ཀྱི་མཁས་དབང་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཤ་ཟ་བ་དང་། པགས་རིགས་རྒྱན་ཆས་གོ་མཚོན་ཉོ་སྒྲུབ་སོགས་ལ་འགོག་རྒོལ་གྱི་ཅོང་བརྡ་ཐོགས་མར་བསྒྲགས་པ་དང་། སྤྱི་དམངས་ཁྲོད་དུ་ཆོས་ཀྱི་གོ་རྟོགས་སྤེལ་ཐབས་དང་། དགོན་སྡེའི་སློབ་གསོ་ལེགས་བཅོས་བྱ་ཐབས་སོགས་ལ། འཆར་གཞི་དང་གོ་རིམ་ལྡན་པའི་གོམ་པ་གཅིག་སྤོ་གཉིས་སྤོ་གནང་ནས། ད་སྐབས་བོད་ནང་དུ། ཆད་པ་མཐུད། འགྱེལ་བ་བསླངས། ཡོ་བ་བསྲངས་བ་སོགས། བཙན་གནོན་དང་སྐུ་ངལ་ལ་མ་ལྟོས་པར་ཆོས་སྲིད་གང་ཐད་ནས་མི་རིགས་འདི་མདུན་ནས་མདུན་དུ་ཁྲིད་གནང་བ་འདི། བླ་ན་མེད་པའི་རྟོགས་སད་དང་། གོང་ན་མེད་པའི་རྟོགས་སད། འགྲན་ཟླས་དབེན་པའི་རྟོགས་སད། རབ་དང་རྩེ་མོ་མཆོག་དང་ཕུལ་དུ་ཕྱིན་པའི་རྟོག་སད་ཅིག་མིན་ན་ཅི་ཡིན། དེ་དང་དུས་མཚུངས་སྔ་རྗེས་རྣམས་སུ། ཞོགས་དུང་དང་ཚྭ་བའི་མདའ་སྨྱུག་སོགས་མི་མང་པོ་ཞིག་གིས་རྟོག་སད་ཀྱི་དྲིལ་བསྒྲགས་གནའ་ས་མི་ཤོང་བ་ཞིག་དང་། རྟོགས་སད་ཀྱི་ང་རོ་རི་ཉིལ་བ་དང་བྲག་རལ་བ་རྒྱ་མཚོ་འཁྱོམ་པ་ལྟ་བུ་བྱས་ཀྱང་། ལག་ལེན་དང་གོ་རིམ་ཐབས་སྒོ་དང་ཕན་འབྲས་སོགས་ནང་ཐོད་མ་ཐུག་ཙམ་ནས་མེ་རང་ཤི་དང་དུ་བ་རང་ཡལ་དུ་སོང་བ་ནི། ཀུན་སློང་གིས་ལན་མིན་ཅི་ལྟར་ཡང་། ཐབས་ལམ་གྱི་མ་ལྡང་བ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། དེ་མིན་སྐུ་ཞབས་ཞོགས་དུང་ལགས་ཀྱི། མི་རིགས་རིང་ལུགས་དང་མི་གཞིའི་སྙིང་སྟོབས་སོགས་ནི་བླ་མེད་ཕུན་སུམ་ཚོགས་པ་ཞིག་ཡིན་དུ་མཆིས་ཀྱང་། མཐར་ཁྲེལ་དང་ངོ་ཚ་ཟེར་བ་དེ་སྙིང་དཀྱིལ་དུ་སིམ་འཛུལ་ལེན་མང་བྱས་རྐྱེན། གནོང་འགྱོད་དང་སྙིང་སྟོབས་ཀྱིས་བསྒུལ་བའི་གནམ་ས་གོ་འབྱེད་ཟེར་བ་ཞིག་དགོངས་དག་ཐུགས་བདེན་གྱིས་ཚབ་ཏུ་བཞགས་ནས། རྟོགས་སད་དང་འཕག་འཚག་སོགས་ཀྱི་མཚམས་བུ་ཤིང་ཟད་པའི་མེ་བཞིན་རྒྱུན་ཆད་པ་རེད། དེ་ནས་རང་ལས་གང་ཟག་གཉིས་པ་ཞིག་གི་ལྟོ་གོས་དང་། འདི་ཕྱི་འཕྲལ་ཕུགས་སོགས་གང་ལ་ཡང་མི་ཕན་ཁར་སྐྱེ་བོ་རྟོག་དཔྱོད་དམན་པ་འགའ་ལོག་ལམ་དུ་བཙན་གྱིས་བརྫངས་མཁན་གྱི་སེང་རྡོར་སོགས་ནི། རྟོགས་སད་ཟེར་བའི་མིང་ཙམ་ལས་རྟོགས་སད་ཀྱི་ལམ་ལེན་དང་། རྟོགས་སད་ཀྱི་ཐབས་ལམ་སོགས་ལ་ཇི་འདྲའི་རིང་ཞིང་འགྱང་པ་ལ་ཨང་། ད་དུང་ཉེ་འགྱང་གང་སར་ནས་ཀྱང་རྟོག་སད་ཟེར་བའི་ཚིག་འབྲུ་གཉིས་པོའི་གོ་དོན་འཁྲོལ་ཐུབ་པའི་བཤད་སྦྱང་མེད་བཞིན་དུ་རྟོག་སད་དུ་རློམ་ནས་ལྷ་ཆོས་ཀྱི་རིག་གནས་ལ་འཕྱས་གདགས་པ་སོགས་ནི་ཅོལ་ཆུང་ཞིང་རྟོག་སད་ཀྱི་མིང་ལ་དུངས་བ་ཙམ་ལས། རྟོགས་སད་དངོས་མ་ལྟ་ཞོག་རྟོག་སད་ཀྱི་དྲི་ཙམ་ཡང་མི་བྲོ་བཞིན་དུ་རྟོགས་སད་པའི་གྲལ་དུ་འཚང་འགྲོ་བ་འདི་ཅི་འདྲའི་ཡ་ང་ཞིང་ཡིད་མུག་པ་ཞིག་རེད་ཨང་།