གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྤྲོ།

གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྤྲོ།
ཤ་འདི་མཁྲེག་པོ་ཞིག་འདུག་སྟེ་ཕལ་ཆེར་གླང་ཤ་ཡིན་ངེས་རེད་སྙམ། འདིར་མ་ཧེ་ཟ་བའི་ལུགས་སྲོལ་མེད་པས་ཡིན། གཞན་དག་ཚོས་སྦིར་རག་དང་། ད་དུང་འགའ་རེས་ནི་ཨ་རག་དམར་པོ་དེ་འདྲའང་ཁྱེར་འདུག་ལ། ཁོང་ཚོའི་ངོ་གདོང་ནི་དམར་སྨུག་ཅིག་ཏུ་གྱུར་བྱུང་།

བུ་མོ་ཚོས་ཟུར་ཞིག་ནས་གླུ་ཆུང་རེ་ལེན་གྱིན་པ་ནི། གཞིས་ནང་གི་རྫི་གླུ་དེ་དྲན་གསོ་གཏོང་པ་རང་རེད། ཨ་མ་འགས་ད་བྲོ་འཁྲབ་དགོས་ཟེར་ནས་སླེབས་བྱུང་། ཕལ་ཆེར་ཆང་ར་འདི་གཏོར་ཚོད་འདུག་མོད། ཞབས་བྲོ་རེ་བརྒྱབ་ཀྱང་མི་སྐྱིད་རྒྱུ་མི་འདུག འོ་རེད། ཚང་མ་ལང་སོང་། སྐུ་མགྲོན་གཙོ་བོ་འགའ་ཡང་ཡར་རེ་ཡོར་རེའི་ངང་ཕེབས་བྱུང་།

ཨ་ཨ། ཞབས་བྲོ་འདི་སྨྱོན་པའི་འཁྲབ་སྟངས་རང་རེད། སྒྲིག་དང་ཁྲིམས་མི་འདུག་ལ། མགོ་དང་རྐང་པ་ག་རེ་གཡུག་གཡུག་རེད་འདུག ཡིན་ནའང་རྒན་གཞོན་ཚང་མ་ལངས་ནས་འཁྲབ་སོང་ལ། ཧ་ཅང་སྐྱིད་པོ་ཞིག་ཀྱང་ཡོད་ཚོད་འདུག “ཝེ། ང་ཚོས་འུར་སྒྲ་མང་པོ་རྒྱག་མི་ཉན་མ་གཏོགས། མེར་སྲེག་ཞི་རྒོལ་འགྲོ་བཞིན་པ་རེད། གཞན་དག་གིས་ཐོས་སོང་ན། ཁ་རྡུང་གཏོང་ཡོང་དཱ།” དེ་ནི་ཟུར་ཞིག་ནས་གྲགས་སོང་མོད། སུ་ཞིག་གིས་བཤད་ཡིན་ངས་ཏག་ཏག་མ་འབྱེད། “ཅི་ཟེར་ཡིན་ནམ། ཁ་རྡུང་ག་རེ་བྱས་ནས་གཏོང་དགོས་རེད། དེ་རིང་ང་ཚོས་མེར་སྲེག་དོན་རྐྱེན་ལ་”མྱ་ངན་ཐུགས་སྤྲོ་”འམ། “གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་སྤྲོ”གཏོང་གི་ཡོད་པ་ཧ་གོ་མ་སོང་པས། མགོ་མ་ཚོས་པའི་སྐད་ཆ་རང་རེད། ད་གིན་ནས་གོ་སྒྲིག་པས་གསལ་པོ་ལབ་སོང་པ།་” ཞེས་ཕོ་སར་ཞིག་གིས་ལན་བཏབ་སོང་།

དེ་རིང་ཐུགས་སྤྲོ་འདིའི་སྐུ་མགྲོན་གཙོ་བོ་ཉམས་ཞིབ་བཀའ་བློན་ལྷག་བསམ་དཀར་པོ་མཆོག་དང་། རྗེས་དྲན་ཚོགས་པའི་ཚོགས་གཙོ། གུས་འདུད་ཚོགས་པའི་དྲུང་ཡིག ཐུགས་བསྐྱེད་དགོན་པའི་བསྟན་བདག ད་དུང་རྒྱ་རིགས་མཁས་དབང་འགའ་དང་། མགོ་སེར་འཐུས་མི་འགའ་སོགས་བོད་མི་སྐྱ་སེར་ཉིས་བརྒྱ་མེད་པ་ཞིག་འདུ་འཛོམས་བྱུང་འདུག གོ་སྒྲིག་གནང་མཁན་ནི། ཡ་མ་བརླའི་ཚོགས་པ་དང་། ར་མ་ལུག་གི་སྐྱིད་སྡུག་གཉིས་རེད་ཟེར།

ཉི་གུང་ཞལ་ལག་རྗེས་སུ་སྐུ་མགྲོན་གཙོ་བོས། “དེང་སང་བོད་ནང་ལ་དགྲ་ནག་གིས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་གིན་ཡོད་རེད། དེ་ཚོ་དྲན་ན་ང་ཚོ་ལྷོད་ལྷོད་ཅིག་འདུག་པའི་དུས་ཚོད་ཅིག་གཏན་ནས་མིན། དེ་རིང་ང་ཚོ་འདིར་ཁོང་ཚོའི་ཆེད་དུ་མྱ་ངན་ཐུགས་སྤྲོ་ཞིག་གཏོང་རྒྱུར་བྱུང་པ་རེད་ལ། དེ་རིང་རེས་གཟའ་ལྷག་པ་ཡིན་དུས། ལྷག་དཀར་སྲུང་བརྩི་ཞིག་ཀྱང་རང་བཞིན་གྱིས་ཆགས་ཡོད་རེད། འདི་ནི་ང་ཚོས་གསར་གཏོད་རེད་ལ། རྗེས་མའང་འདི་འདྲའི་གོ་སྒྲིག་གནང་ཐུབ་ན་མི་རིགས་ཤིག་གི་གཟི་བརྗིད་རེད། ང་རང་སྒེར་གྱི་ངོས་ནས་ཀྱང་ཧ་ཅང་དགེ་མཚན་ཆེན་པོར་མཐོང་སོང་”སོགས་མང་པོ་གསུང་སོང་།

གསར་འགོད་པ་ཕལ་ཆེར་འབྱོར་མི་འདུག་ལ། དུང་སྒྲ་དང་། ཟུར་མིག་གསར་འགོད་པ་བཅས་འགའ་ཕེབས་ཡོད་པ་དག་ནི་ཤ་ཆང་གི་ཀློང་ན་གཉིད་ལ་ཡུར་པ་ལྟར་རེད།
༢༠༡༢་༦་༡༢་ཉིན་རྡ་ས་ནོར་བུའི་རི་ནས་ཐུགས་སྤྲོར་མ་རོལ་ཞོར་སྤེལ།
བང་ཆེན་དྲྭ་ཐོག་གི་འཆམ་བའི་ཟིན་བྲིས་ཡོངས་དྲ་ཐག་འདིའི་སྟེང་ནས་གཟིགས་ཐུབ། འདིར་ཙི་ཙི་སྣུན།