རང་དོན་ཁ་ཡོད་ལག་ཡོད། གཞན་དོན་སྨིན་མ་ཟིང་ཟིང་།

དམན་བྱེད་དུས་ཀྱིས་དཀྲུགས་པའི་སྐལ་བའི་མ་མཐའ་འདིའི་མི་རྣམས་ནི། བློ་དང་དབང་པོ་རྟུལ་ལོག་ཏུ་སོང་རྐྱེན།   ཆོས་རིག་གི་སྦྱང་འབྲས་དམན་ཞིང་བེད་སྤྱོད་ལོག་པར་བཏང་བས།      སྐྱེ་དགུའི་བདེ་སྐྱིད་ཟེར་བ་ནི།     ཆུ་རུད་སྔོན་གྱི་བྱིའུ་ཚང་ཇི་བཞིན་ཡལ་ཆོག་དང་ཡིད་ལྷོང་བློ་དོགས་འགྲན་རྩོད་ཕྲག་དོག་སོགས་ཀྱི་བཙེས་ནས་ཡོད་པས།

མི་ཚེའི་བདེ་སྐྱིད་ཟེར་བའི་མཛེས་སྡུག་འོད་སྟོང་འཕྲོ་བའི་སྨོན་ཡུལ་དེ་སྤྱི་ཚོགས་ཀྱི་འཚོ་བ་དང་ཁ་བྲལ་ནས་ཡུན་ཡང་གང་མཚམས་ཡིན་པར་ལྟ་བུར་མངོན།     སྤྱིར་ཆོས་རིག་གཉིས་ཀྱི་རིག་གནས་གང་ཞིག་ཡིན་ཀྱང་མི་ལ་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་སུ་བཀོལ་དགོས་ཤིག་དང་བཀོལ་ཆོག་ཅིག་ཏུ་ཡོད་པ་ནི་ད་ལྟའི་བར་དུ་འགྱུར་བ་གང་ཡང་མི་འདུག    འོན་ཀྱང་མིའི་དགོས་འདོད་ཟེར་བ་ནི་རྟ་མོག་གི་སྤུ་ལྟར་མ་འདྲ་བ་ཡིན་པ་དང་།     སྣ་མང་གི་དགོས་འདོད་སྣ་ཚོགས་སྒྲུབ་བྱེད་དུ་ཆོས་རིག་གི་རིག་གནས་བཀོལ་སྤྱོད་སོ་སོར་བྱས་རྐྱེན་འཕུང་འཚེངས་གཉིས་ལས་སྔ་མའི་ཕྱོགས་སུ་གཞོལ་ཞིང་འབབ་པ་པ་ནི་དུས་ཀྱིས་གཏུགས་པ་དང་བསམ་སྤྱོད་རང་འདོད་རྗེན་པས་ལན་པ་ལས་ཅི་ཡང་མ་རེད།    ཆོས་ནི་རང་དོན་ལས་གཞན་དོན་གཙོ་བོ་དང་ཐུགས་འདོད་ལྟར་གྱི་གཞན་དོན་འགྲུབ་པ་ཡིན་ན།     གཞི་ནས་བདེ་སྐྱིད་སེམས་ཀྱིས་མྱོང་རྒྱུ་ཡོད་པ་ནི་ཆོས་ཀྱི་ཁྱད་ཆོས་བླ་མེད་ཅིག་ཏུ་གྲུབ་ཡོད།     དེ་ལས་ལྡོག་སྟེ་རང་དོན་ཁོ་ན་དམིགས་འབེན་དུ་བཟུང་ནས་ཆོས་ཀྱི་རྟུལ་ཞུགས་ལ་ཇི་ཙམ་བསླབ་ཀྱང་།      ཀོ་ལོང་གཙང་བཙན་བས་ཆེ་བ་བཟོད་སྲན་ཤ་འུ་བས་ཆུང་བ་ཡོང་གི་ཡོད་པ་འདི་ཡང་།      ཐོགས་མའི་ཀུན་སློང་ངན་པའི་ལག་རྗེས་དང་ཆོས་ལ་སྦྱང་བ་དམན་པ་ཆོས་དོན་མ་རྟོགས་པ་སོགས་ལས་བྱུང་བ་རེད།    མདོར་ན་ཆོས་ཇི་བཞིན་མ་ཤེས་པ་དང་བེད་སྤྱོད་ལོག་པར་བཏང་རྐྱེན།     ད་ལྟའི་དུས་སུ་ཆོས་པ་ཟེར་བའི་ཚད་འཇོག་ས་གཅིག་ཀྱང་མེད་པའི་གནད་དོན་སྐྱོ་བོ་འདི་བྱུང་བ་རེད།      ད་དུང་དཔལ་འབྱོར་མཁོ་སྒྲུབ་དང་བླ་སྤྲུལ་ངོས་འཛིན་སོགས་དང་འབྲེལ་བའི་ཆོས་ལོག་མང་དུ་འཕེལ་བས།     དམ་ཆོས་གཤའ་མ་ཞིག་མི་ཞིག་གི་འཚོ་བའི་ཁྲོད་ནས་རྙེད་པ་ལ་དཀའ་ཁག་ཅི་བས་ཆེ་བ་འདི་ཡང་།     མི་རྣམས་ཀྱི་དམ་ཆོས་ཇི་བཞིན་མ་ཤེས་པ་དང་ཆོས་བེད་སྤྱོད་ལོག་པར་བཏང་བས་ལན་པ་ཁོ་ན་རེད།      དེ་བཞིན་རིག་གནས་ཀྱི་མི་ཡི་དགོས་མཁོ་བསྐངས་ཏེ་མི་ལ་བདེ་སྐྱིད་བསྐྲུན་པ་ནི་འོས་ཤིང་འཚམ་པ་ཡིན་ཀྱང་།      བསམ་སྤྱོད་ལོག་པར་སོང་བས་སྨན་དུག་ཏུ་སོང་བ་ལྟར།      རང་གི་བདེ་སྐྱིད་འཇོམ་པའི་རང་གཤེད་དུ་འགྱུར་ནས་འགྲོ་བ་ཡང་།     རང་དོན་ཁོ་ནས་འབྲི་བཞེང་བྱས་པའི་བདག་གི་འདོད་དོན་སྣ་མང་གི་གསེང་དུ་ངལ་ཞིང་དུབ་པ་དང་།      རིག་གནས་ཀྱིས་བསྐྱེད་པའི་སྙད་བསྐོ་བཙན་འཕྲོག་མཐོ་གནོན་སོགས་མིའི་འཚོ་བའི་བདེ་སྐྱིད་ལ་རྩུབ་ཅིང་གཟན་པའི་མ་ལག་སྣ་ཚོགས་ཁ་དར་ནས་ཡོང་བ་འདི་ཡང་མི་རྣམས་ཀྱི་ཀུན་སློང་ངན་པ་ཁོ་ན་ལ་རག་ལུས་པ་རེད།     ནང་ཆོས་དང་རིག་གནས་སྤྱི་དང་ལྷག་པར་ནང་ཆོས་རང་ངོས་ནས་བསམ་ན།     མི་རྣམས་ཀྱི་བདེ་བ་སྒྲུབ་ཐབས་དང་སྡུག་སྔལ་སྤོང་ཐབས་སོགས་ཀྱི་བྱེད་ལས་དང་ནུས་པ་ཀུན་ལྡན་ཡིན་ཡང་།      གོང་ཞུས་ལྟར་གྱི་རྒྱུ་རྐྱེན་ལས་ནང་ཆོས་ཀྱི་ནུས་པ་ཇི་བཞིན་འདོན་ཐོག་མི་ལ་ཕན་བདེ་བསྒྲུབ་པ་ནི་སྲིད་མཐའ་མ་བཀག་ཙམ་དུ་གྱུར་པ་འདི་བླ་སློབ་ཀུན་གྱི་རང་དོན་ཁ་ཡོད་ལག་ཡོད་གཞན་དོན་སྨིན་མ་ཟིང་ཟིང་གི་རྟུལ་ཞུགས་གཅིག་པུའི་ཆོག་པར་གཟུང་བས་མིན་ན་ཅི་ཡིན།