ཆོས་འབྱུང་གྲོགས་ཀྱིས་སྐུལ་བ་ཞེས་བྱ་བཞུགས་སོ།

༄༅། །ཆོས་འབྱུང་གྲོགས་ཀྱིས་སྐུལ་བ་ཞེས་བྱ་བ་བཞུགས་སོ། །

དམིགས་པ་མེད་པའི་བརྩེ་བ་ཆེན་པོ་དང་ལྡན་པའི་རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མེད་པའི་མཚུངས་མེད་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།

དེ་ལ་འདིར་སྐྱེ་བོ་འགའ་ཞིག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་འོངས་ནས་རྒྱུ་ནོར་ལོངས་སྤྱོད་ཁོ་ནར་ཤ་ཐང་རུས་ཐང་བྱེད་ནས་ཕྱིར་འོང་མེད་པའི་རིན་བྲལ་གྱི་དུས་ཚོད་དག་ཀྱང་གཏོང་བར་བྱེད། ཁག་ཅིག་ནི་མཐོ་དང་གོ་ས་སྙན་གྲགས་སོགས་ཀྱི་ཆེད་དུ་དོན་གཉེར་ཆེན་པོས་རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་གཏོང་ལ་ཁད་བྱེད་དོ། འོན་ཀྱང་འགའ་ཞིག་ནི་དེ་ལས་བཟློག་དེ་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་བས་ན་ཕྱི་མའི་སེམས་ཅན་རྣམས་ལ་ཅུང་ཟད་ཕན་ཕྱིར་དུ་ཆོས་ཀྱི་བྱུང་བ་མདོར་བསྡུས་པ་འདི་སྤྱི་དོན་གསུམ་གྱིས་སྒོ་ནས་བཤད་པ་བྱ་སྟེ། གང་བཤད་བྱ་ཆོས་ཀྱི་རང་བཞིན་ངོས་བཟུང་བ་དང། དེ་ཇི་ལྟར་འཆད་ཉན་བྱེད་པའི་ཚུལ། མཐར་འཆད་ཉན་བྱས་པའི་འབྲས་བུའོ། དང་པོ་ལ། ཆོས་ཀྱི་སྒྲ་བཤད་པ། སྒྲ་དེ་འཇུག་ཡུལ་ངོས་བཟུང་བ། སྐབས་ཀྱི་ཆོས་དངོས་ལ་བསམ་པའོ། དང་པོ་ནི། སྤྱིར་ལེགས་སྦྱར་གྱི་སྐད་དུ་དྷརྨཱ་ཞེས་པ་འདི་ཁ་ཕྲལ་ནས་བཤད་ན་དྷ་ར་ནི་འཛིན་པར་བྱེད་པ་ལ་འཇུག་དེའི་རྗེས་སུ་མཱ་འདི་སྦྱར་ཚེས་དྷརྨཱ་འདི་འབྱུང་ཞིང་དེ་ནི་ཆོས་ཞེས་པ་ཡིན་ནོ། འོ་ན་འཛིན་པ་བྱེད་པ་འདི་ཆོས་དང་ཇི་ལྟར་འབྲེལ་ཞེ་ན། གཞི་འཛིན་པ་དང། མཚན་ཉིད་འཛིན་པ། ལྟུང་བ་ལས་འཛིན་པའོ། དང་པོ་གཞི་འཛིན་ཚུལ་ནི། ཆོས་ཅན་སྒྲ་ལ་སོགས་པ་དེས་ཆོས་མི་རྟག་ལ་སོགས་པ་འཛིན་པའི་ཕྱིར་རོ། གཉིས་པ་ནི།  གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དེ། དེ་ཐམས་ཅད་ཀྱིས་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཏེ། རྩ་ཤེར་ལས། མཚན་ཉིད་མེད་པའི་དངོས་པོ་ནི། འགའ་ཡང་གང་ནའང་ཡོད་མ་ཡིན། ཞེས་གསུངས་སོ། གསུམ་པ་ནི། སྤྱིར་འཁོར་བ་ཙམ་ལས་ལྟུང་བ་འཛིན་པ་དང། བྱེད་བྲག་ངན་འགྲོ་ལས་ལྟུང་བ་འཛིན་པ། ཐེག་པ་དམན་པའི་ལྟུང་བ་ལས་འཛིན་པའོ། དང་པོ་ནི་ཆོས་ཐམས་ཅད་བདག་མེད་དུ་སྒོམ་པ་སྟེ། དེས་འཁོར་བའི་ཆོས་བདག་འཛིན་ཟློག་པས་སོ། གཉིས་པ་ནི། དམ་པའི་ཆོས་སྤྱོད་པ་སྟེ། རིན་ཕྲེང་ལས། འཇི་རྟེན་འདི་དང་ཕ་རོལ་ཏུ། ཆོས་སྤྱོད་པ་ནི་བདེ་བར་ཉལ། ཞེས་གསུངས་སོ། གསུམ་པ་ནི། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཕར་ཕྱིན་དྲུག་ལ་སྤྱོད་པ་སྟེ། མདོ་སྡུད་པ་སོགས་ལས་འབྱུང་བ་བཞིན་ནོ། གཉིས་པ་སྒྲ་དེའི་འཇུག་ཡུལ་ངོས་བཟུང་བ་ནི། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། དེའང་དང་པོ་འདུ་བྱས་དང་འདུས་མ་བྱས་ཀྱི་ཆོས་ལྟ་བུ་ཤེས་བྱ་ལ་འཇུག་པ་དང། ལམ་བདེན་གྱི་ཆོས་ལྟ་བུ་ལམ་དང། འགོག་བདེན་གྱི་ཆོས་ལྟ་བུ་མྱང་འདས་དང།  ཆོས་ཀྱི་སྐྱེ་མཆེད་ལྟ་བུ་ཡིད་ཀྱི་ཡུལ། རྒྱལ་པོས་བཙུམ་མོ་དང་ལྷན་དུ་ཆོས་སྤྱོད་ལྟ་བུ་བསོད་ནམས་དང། བྱིས་པས་མཐོང་ཆོས་ལ་གཅེས་འཛིན་བྱེད་ལྟ་བུ་ཚེ་དང། ཆོས་མངོན་པ་དང་འདུ་བ་ལྟ་བུ་གསུང་རབ་དང། ལུས་འདི་རྒུད་པའི་ཆོས་ཅན་ཡིན་ཞེས་པ་ལྟ་བུ་འབྱུང་འགྱུར་དང། དགེ་སྦྱོང་གི་ཆོས་བཞི་ལྟ་བུ་ངེས་པ་དང། ལྷ་ཆོས་དང་མི་ཆོས་ལྟ་བུ་ལུགས་དང་བཅུ་ཡིན་ནོ། གསུམ་པ་སྐབས་ཀྱི་ཆོས་ངོས་བཟུང་བ་ནི། སློབ་དཔོན་དབྱིག་གཉེན་གྱིས། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། དེ་འཛིན་བྱེད་དང་སྨྲ་བྱེད་པ། སྒྲུབ་པར་བྱེད་པ་ཁོ་ན་འོ། ཞེས་ལུང་རྟོགས་ཀྱི་ཆོས་གཉིས་སུ་བཞེད་པ་ལས་། དང་པོ་ལུང་གི་ཆོས་བཤད་པ་ལ།  མཚན་ཉིད་དང་།  སྒྲ་བཤད།  མཚན་གཞི།  མཚོན་བྱའོ།  དང་པོ་ནི། ཆོས་རྗེ་འཇམ་མགོན་བླ་མས། ཆོས་ཀྱི་རྒྱུ་མཐུན་པའི་རྒྱུ་ལས་བྱུང་ཞིང་ལམ་གྱི་དམིགས་པ་གསལ་པོ་སྟོན་པར་བྱེད་ཐབས་ཀྱིས་གཞན་གྱི་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱེད་པའི་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པ་ཞེས་གསུང་ཡང། མདོར་བསྡུ་ན། བརྗོད་བྱ་བདེན་གཉིས་སྟོན་ཞིང་བརྗོད་བྱེད་ངག་ཚིག་དྲི་མ་མེད་པ་ཙམ་ལ་འཇོག་ན་ལེགས་སམ་སྙམ་མོ། གཉིས་པ་ནི། ཨཱ་ག་མ་ཞེས་པ་མི་བསླུ་བས་དོན་གྱིས་ན་ལུང་སྟེ། རྣམ་འགྲེལ་ལས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཞེས་གསུངས་སོ། སྤྱིར་སྟོན་པའི་བསྟན་པ་མཐུན་མོང་མ་ཡིན་པ་ལྷག་པ་གསུམ་ལ་འཇོག་དགོས་ཀྱི། ཆོས་ཀྱི་སྒྲ་འཇུག་ཡུལ་འགའ་ཞིག་གི་དོན་ནི་ཕྱི་རོལ་པ་ལའང་ཚང་བས་དེ་ཙམ་གྱིས་སྐབས་ཀྱི་ཆོས་སུ་མི་འཁྲུལ་བ་གལ་ཆེའོ། གསུམ་པ་ནི། གྲུབ་མཐའི་འདོད་ཚུལ་མི་འདྲ་བས། བྱེ་བྲག་ཏུ་སྨྲ་བས། མཛོད་ལས། ཆོས་ཀྱི་ཕོང་པོ་བརྒྱད་ཁྲི་དག། །གང་ན་ཐུབ་པའི་གསུང་དེ་དག།།ཚིག་གམ་མིང་ཡིན་དེ་དག་ཀྱང། གཟུགས་དང་འདུ་བྱེད་དག་ཏུ་འདུས། ཞེས་པས་བདེན་མིན་འདུ་བྱེད་དུ་འདོད། མདོ་སྡེ་པས་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕོང་པོར་འདོད། སེམས་ཙམ་པས་རྣམ་ཤེས་ཚོགས་བརྒྱད་ལས་དྲུག་པ་ཡིད་ཀྱི་རྣམ་ཤེས་སུ་འདོད་ཅིང་དེ་ལ་ཡང་རྟོག་རྟོག་མེད་གཉིས་ལས་རྟོག་པར་འདོད་དོ། བཞི་པ་ལ།  བཀའ་དང་།  བསྟན་བཅོས་གཉིས།  དང་པོ་ལ།  བཀའ་གསུང་པ་པོའི་ཆེ་བ་དང།  བཀའ་དེའི་རང་བཞིན་ནོ།  དང་པོ་ནི། གང་ཟག་གཞན་ལ་མ་བསྟན་པར་རང་གི་རྟོགས་ནས་གདུལ་བྱ་གཞན་ལ་ཆོས་སྟོན་པ་བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བཤད་ན། ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ།  བར་དུ་གྲང་མེད་གསུམ་དུ་ཚོགས་བསགས་ཚུལ།  མཐའ་མར་འབྲས་བུ་བརྙེས་པའི་ཚུལ་བཤད་པ་དང་གསུམ་ལས།  དང་པོ་ནི། སྔོན་ཐེག་པ་ཆེན་པོའིརིགས་ལ་ཞུགས་པའི་ཚེ་དམྱལ་བའི་ལྕགས་བསྲེགས་ས་གཞི་ནས་ཐུགས་རྩེ་བ་ཆེན་པོ་དང་པོར་བསྐྱེད་པ་མདོ་དྲིན་ལན་གསབ་པ་ལས་འབྱུང་བ་ཞིང། འཛམ་བུ་གླིང་འདི་ཉིད་དུ་རྫ་མཁན་གྱི་ཁྱེའུ་ཞིག་ཏུ་འགྱུར་བའི་ཚེ་དེ་བཞིན་གཤེས་པ་ཤཱཀྱ་ཐུབ་པ་ཆེན་པོ་ཞེས་བྱ་བར་མཆོད་པ་བྱས་ཤིང་། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཅེས་དང། མདོ་བསྐལ་པ་བཟང་པོ་ལས། ང་ནི་སྔོ་ཚེ་དམན་པར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང། དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། ཞེས་པ་ལ་སོགས་པ་བཞིན་ནོ། གཉིས་པ་ནི། རྒྱལ་པོ་ཚེ་རྣམ་པར་རྒྱལ་བ་ཞེས་བྱ་བའི་སྲས། བརྩོན་འགྲུས་སྤྱོད་པ་ཞེས་བྱ་བར་གྱུར་ནས་དེ་བཞིན་གཤེགས་པ་འོད་འཕྲོ་བའི་ཕུང་པོ་ཆེན་པོ་ཞེས་བྱ་བ་འཁོར་ཉན་ཐོས་ཁྲག་ཁྲི་བདུན་ཅུ་རྩ་གཉིས་དང་བཅས་པར་དད་ནས་བསྙེན་བཀུར་ལོ་མང་བྱས་ཤིང། བསྐལ་པ་གྲང་མེད་གཅིག་ཏུ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་ཚོགས་བསགས་པས་ཚོགས་སྦྱོར་གྱི་ལམ་ལས་འདས་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཏོ། དེ་ནས་ཡང་། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་འཁོར་དང་བཅས་པར་ལོ་སྟོང་དུ་བསྙེན་བཀུར་བྱས་པ་ནས་བསྐལ་པ་གྲངས་མེད་གཅིག་ཏུ་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་ཚོགས་བསགས་པས་མ་དག་པའི་ས་བདུན་ནོན་ནས་ཕྱིར་མི་ལྡོག་པར་གྱུར།  དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པ་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བར་ཡིད་དམ་བརྟན་པོས་མཆོད་པ་དང་། རང་ཉིད་ཀྱི་རལ་བ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས་རལ་པ་འདི་ལ་ཞབས་བཞག་བདག་ལུང་བསྟན་པས་དབུགས་དབྱུང་དུ་གསོལ། ཕྱག་གིས་དྲང་དུ་གསོལ། གལ་ཏེ་དེ་ལྟར་མི་བྱེད་ན་གནས་འདི་ཉིད་དུ་ལུས་བསྐམ་པ་བྱའོ་ཞེས་ཞུས་པས། སྟོན་པས་ཁོང་གི་སེམས་ཀྱི་རྒྱུ་བ་མཁྱེན་ནས་རལ་པར་ཞབས་བཞག་ཅིང་ཉན་ཐོས་རྣམས་ལ་བཀའ་སྩལ་པས་ཚུལ་གྱིས་ཁྱེད་རྣམས་ཀྱིས་ཁྱེའུ་འདིའི་རལ་པར་སྡོགས་པ་མ་འཇོག་ཅིག གང་ཞེ་ན་ལྷ་དང་བཅས་པའི་མཆོད་གནས་ཏེ། མ་འོངས་པའི་བསྐལ་པ་བཟང་པོ་ཞེས་བ་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་པའི་དུས་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས། ཐུགས་དགྱེས་ནས་ནམ་མཁར་མངོན་པ་འཕགས་ནས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲི་བརྒྱ་ཁྲི་སྟོང་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། འདུལ་བ་ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང། ལུང་བསྟན་གྱུར་པ་དེ་ཡི་ཚེ། ས་བརྒྱད་པ་ནི་ཐོབ་གྱུར་ཅིང། དབང་བཅུ་དག་ཀྱང་ཐོབ་པར་གྱུར། ཞེས་གསུང་སོ། དེ་ནས་རིམ་བཞིན་དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོར་ཚིགས་སུ་བཅད་པས་བསྟོད་པ་དང། འཇིག་རྟེན་གྱི་ཁམས་རྣམ་པར་བལྟས་པ་ཞེས་པར། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང། གྲོང་ཁྱེར་གཉེན་ལྡན་དུ་སངས་རྒྱས་འོད་ལྡན་བྱོན་པ་དང། མདོར་ན། གྲངས་མེད་གཅིག་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་ཚོགས་གཉིས་བསགས་པས་དག་ས་གསུམ་བརྙེས་པ་ཡིན་ཏེ། དེའང་འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་ནས། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། ཞེས་གསུང་སོ། ས་བཅད་ཀྱི་བསྟན་དོན་ལྟར་བསྐྱེད་ཚོགས་གཉིས་སོ་སོར་བཤད་ཀྱང་སེམས་བསྐྱེད་པའི་སྐབས་སུ་ཚོགས་མི་བསགས་པ་དང།  ཚོགས་བསགས་པའི་སྐབས་སུ་སེམས་མི་བསྐྱེད་པ་ལྟ་བུ་ནི་མ་ཡིན་ནོ།། དེ་ལྟར་གྲངས་མེད་གསུམ་དུ་ནི། །བསྐྱེད་ཚོགས་གྲུ་ཆེན་ལ་འཇུག་ནས། །དགའ་ལྡན་ནོར་བུའི་གླིང་མཆོག་ཏུ། །དོན་མཐུན་དམ་པ་ཏོག་དཀར་འགྱུར། ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།