ཉི་ཧོང་གི་རྒྱལ་སྲས།
ཕྱི་ཚེས་༢༥ ཉིན་ནས་ཉི་ཧོང་གི་རྒྱལ་སྲས་ན་རུ་ཧི་ཏོ་གཟའ་འཁོར་གཅིག་རིང་ཐེ་ལན་ཊི་དང་། ཀམ་བྷོ་ཌི་ཡ། ལའོ་སི་བཅས་རྒྱལ་ཁབ་གསུམ་ལ་གཟིགས་སྐོར་དུ་སྐྱོད་འགོ་ཚུགས་ཟིན་ཡོད་པ་དང་། གཟིགས་སྐོར་འདི་གཞུང་འབྲེལ་ཐོག་ཐེངས་དང་པོ་ཡིན་པ་རེད།
རྒྱལ་སྲས་ན་རུ་ཧི་ཏོ་ཁོང་ཐའེ་ལེན་ཊ་ལ་དེ་རིང་ཉིན་གོང་རྒྱབ་དུ་འབྱོར་ནས་ཐའེ་ལེན་ཊི་ཡི་རྒྱལ་པོ་བྷུ་མི་བྷོལ ཨ་དྷུལ་ཡ་དྷེ་ཇི་མཆོག་དང་མཇལ་འཕྲད་ཀྱིས་རྒྱལ་ཁབ་དེར་ཡོད་པའི་ཉི་ཧོང་གི་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ཡོད་པ་རེད། ཁོང་གཉིས་ཀྱི་མཇལ་འཕྲད་དེས་རྒྱལ་ཁབ་གཉིས་པོའི་མཛའ་འབྲེལ་གྱི་ངོ་ལོ་༡༢༦ འཁོར་བའི་དུས་དྲན་དང་ཁེལ་ཡོད་སྐོར་བྷེང་ཀོག་ཉི་ཧོང་གཞུང་ཚབ་ནས་བརྗོད་ཡོད་པ་རེད། དེ་བཞིན་འདས་ལོར་ཆུ་ལོག་རྒྱུགས་སའི་གཙང་པོ་ཆའོ་པྲཱ་ཡའི་འགྲམ་རྒྱུད་དུ་མི་མང་དབུལ་ཕོང་དག་ལ་གཟིགས་ཞིབ་དང་རོགས་རམ་གནང་བར་ཕེབས་ཀྱི་ཡོད་པ་རེད། ཀམ་བྷོ་ཌི་ཡ་དང་ལའོ་སིའི་རྒྱལ་ཁབ་གཉིས་སུ་རྒྱལ་སྲས་མཆོག་ནས་རྒྱལ་ཁབ་གཉིས་པོས་སྲིད་བློན་ཐུག་འཕྲད་དང་དེ་བཞིན་ས་གནས་དེའི་འཛམ་གླིང་གི་གནའ་ཤུལ་ཁག་ལ་ལྟ་ཞིབ་ཏུ་འགྲོ་རྒྱུ་ཡིན་པ་རེད། ཕྱི་ལོ་༢༠༠༩ ལོར་རྫ་ཆུ་ཉི་ཧོང་ཚོགས་ཆེན་ཞེས་པའི་རྫ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཉི་ཧོང་དང་ལྷན་དུ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ས་ཁུལ་དེར་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཐུན་མོང་གི་གྲོས་འཆར་བྱུང་བ་བཞིནན་འདས་པའི་ཕྱི་ཟླ་༤ པའི་ཚོགས་ཆེན་ཐེངས་བཞི་པའི་སྐབས་སུ་རྒྱལ་སྲས་མཆོག་ནས་བཀའ་སློབ་གནང་དོན་ལྟར། ད་ལྟའི་གཟིགས་ཞིབ་སྐབས་ས་གནས་དེ་དག་གི་མི་མང་རྣམས་ལ་གནད་སྨིན་ཡོང་བར་དམིགས་ནས་ཕེབས་པ་ཞིག་ཡིན་པ་རེད། རྒྱལ་སྲས་མཆོག་རེས་གཟའ་ཉི་མར་ཕྱིར་ཉི་ཧོང་དུ་ཕེབས་ཀྱི་ཡོད་པ་རེད།