སེམས་ཀྱི་སྐད་ཆ
ངས་དྲྭ་གྲོགས་ཚོར་སྐད་ཆ་ཐུང་ཐུང་ཞིག་བཤད། གནའ་དེང་འདྲེས་མས་འཚོ་བ་རོལ་བའི་ཁྱིམ་ཚང་ཞིག་གི་གཏམ་བརྒྱུད་ཡག་པོ་༼སེམས་ཁྲལ༽ཞེས་པའི་ལེའུ་སུམ་ཅུ་ཅན་ཞིག་ཁམས་སྐད་དུ་བསྒྱུར་འདུག སྤྱིར་ང་རང་ལྟད་མོ་ལ་དེ་ཙམ་མི་དགའ་མོད་ས་སྐྱེས་རྡོ་སྐྱེས་ཀྱི་ཁམས་ཕྲུག་ཅིག་ཡིན་པས་ཆ་ནས་ཁམས་སྐད་ལ་ཤིན་ཏུ་དགའ་ཞིང་རབ་ཏུ་འཐད་པས་མགོ་ནས་མཇུག་བར་བལྟས་ཡིན།
སྐད་གདངས་དེ་ཁམས་སྡེ་དགེ་ཕྱོགས་ཀྱི་རེད་འདུག་པས་སྟོད་སྨད་ཀུན་ཏུ་གནས་པའི་ཁམས་པ་ཚོས་ཏོག་ཙམ་གོ་བདེ་བར་མངོན། ང་རང་གི་དགའ་ཕྱོགས་ལ་དབུས་སྐད་དང་ཨམ་སྐད་གཉིས་ཀ་ལ་དགའ་ཞིང་ཁམས་སྐད་ལ་དེ་བས་དགའ། ང་རང་གི་ལྟ་ཕྱོགས་ལ་བོད་སྤྱི་སྐད་དེ་དབུས་སྐད་ལ་ངོས་འཛིན་གི་ཡོད། འོན་ཀྱང་ལྟོས་ས་ལྟོས་འཇོག་དང་འཚོ་བ་དངོས་ཀྱི་ནང་དུ་ཁམས་སྐད་མེད་ན་བྲོ་བ་མི་འདུག དེ་སྔོན་ཆོལ་གསུམ་སྐད་ཀྱི་ཁྱབ་ཁོངས་ཆ་ནས་བལྟས་ན་ཁམས་སྐད་དེ་ཏོག་ཙམ་རྗེས་ལུས་ལྟ་བུ་རེད་ལ་མི་མང་ཆེ་བས་སྤྱད་མི་བདེ་བ་ལྟ་བུ་མཐོང་གི་ཡོད་རེད། དོན་གྱི་ཆ་ནས་ཁམས་སྐད་ལ་མཚོན་ན་ཕྲ་སྦོམ་དང་རིང་ཐུང་འགྱུར་ཁུག་སོགས་གང་ལ་བལྟས་ཀྱང་ཆོས་དང་ཆབ་སྲིད། སྒྱུ་རྩལ་དང་རིག་གནས་སོགས་གང་ལ་སྤྱད་ཀྱང་ཨ་ཕོ་རང་གིས་འཇོན་ན་སྐད་ཀྱི་ཐོག་ལ་གནད་འགག་མི་འགི་སྙམ།། ཁམས་པ་ཚོས་ཤེས་དགོས་པ་ཞིག་ལ་རྣམ་དཔྱོད་དང་སྤོབས་པ་ཆེན་པོས་མི་ཡི་འཚོ་བ་དང་འབྲེལ་བའི་ལོངས་སྤྱོད་ཀུན་ལ་ཁམས་སྐད་དང་ཁམས་པའི་རིག་གནས་ཀྱིས་ཁྱབ་ཐུབ་པ་ཞིག་བཟོ་དགོས་རེད་ལ་ཁམས་པའི་སྐད་དང་རིག་གནས་དར་སྤེལ་གཏང་དགོས་རེད། ཡིན་ཡང་སྤྱི་སྐད་ལ་དོ་སྣང་དང་གལ་ཆེན་འཛིན་དགོས་རེད་མ་གཏོགས་ཡོང་ཡ་མེད་པ་རེད།། ད་ཐེངས་ཀྱི་ལྟད་མོ་འདིས་ཁམས་པའི་མི་མང་པོ་ཞིག་ལ་འཚོ་བའི་ཕྱོགས་ནས་གོ་རྟོགས་གསར་པ་སྤྲད་ཡོད་ཀྱི་རེད་སྙམ། མ་འོངས་པར་ཁམས་པ་རང་གིས་འཁྲབ་གཞུང་བརྩམས། ཁམས་པ་རང་གི་སྐད་ཀྱི་ཐོག་ཁམས་པའི་གཤིས་དང་ལྡན་ལ་ཁམས་པའི་འཚོ་བ་དང་འབྲེལ་བའི་ངོ་མཚར་བའི་ལྟད་མོ་སྣ་ཚོགས་འཁྲབ་འོང་བའི་རེ་བ་དང་རྨི་ལམ་ཡོད། དེ་ནས་ག་ལེར་རྒྱ་ཇེ་ཆེ་དང་གཏིང་ཇི་ཟབ་ཏུ་འགྲོ་བའི་རེ་བ་ཡོད་ཡོད་པ་རེད།