གསེར་ཡིག་གི་ལོ་རྒྱུས་སུ་འཁོད་པའི་བོད་ཀྱི་དཔའ་བོ།

ལ་རྒྱའི་མགོ་འཕང་མཐོན་པོར་བཀྱགས་ནས་ཁྱེད་ཅག་ཁེ་ལེན་དཔའ་བོར་ཐོན། །དྲང་བདེན་ངག་གི་སྒོ་མོ་ཕྱེ་ནས་ཁྱེད་ཀྱིས་རང་དབང་འབོད་སྒྲ་བསྒྲགས། །ཞུམ་པ་མེད་པའི་སྙིང་སྟོབས་ཁུར་ནས་སྐུ་ལུས་གསོན་པོ་མེ་རུ་སྤར། །གངས་དཀར་རི་བོའི་དབུ་རྩེ་འདི་རུ་ཁྱེད་ཀྱི་ཞབས་རྗེས་རྗེན་པ་བཞག །

བློས་གཏོང་ཚད་མེད་མདུན་ལ་སྤུང་ནས་ཁྱེད་ཅག་དགྲ་བོའི་གདོང་ལ་བུད། །ཐེ་ཚོམ་མེད་པའི་ཆོད་སེམས་བརྟན་པོས་ཁ་བ་ཅན་གྱི་སྐྱིད་སྡུག་གླེང་། །ཉམ་ང་མེད་པའི་སྡིག་གཅོད་རྒྱ་ཡི་མེ་མདའི་ཁ་རུ་ཁྱེད་སྲོག་དོར། །མཐོ་སྒང་འདི་ཡི་རི་སུལ་ཀུན་ཏུ་ཁྱེད་ཀྱི་བྱས་རྗེས་རི་མོ་བཀྲ །
དཔའ་ངར་སྟོང་གི་སྙིང་རྩ་བསྡམས་ནས་ཁྱེད་ཅག་བོད་མིའི་དོན་དུ་ལངས། །ཟོལ་མེད་ལྷག་བསམ་དཀར་པོ་ཞིག་གིས་ཁ་བ་ཅན་གྱི་བདེན་དོན་བསྙེག །ཕྱིར་ནུད་མེད་པའི་དམ་བཅའ་དྲག་པོས་ཁྲི་མུན་ཡུལ་དུ་ཁད་གྱིས་བསྐྱོད། །གངས་ལྗོངས་འདི་ནི་རྫ་བྲག་ཡོངས་ལ་ཁྱེད་ཀྱི་སྙན་པའི་གྲགས་པ་འཕྱོ། །
༸རྒྱལ་བ་གསེར་གྱི་ཁྲི་ལ་འཁོད་པར་ཁྱེད་ཅག་སྲོག་གི་མཆོད་པ་ཕུལ། །བོད་མིའི་རང་དབང་རང་བཙན་ཆེད་དུ་ཁྱེད་ཅག་ཁྲག་གི་རི་མོ་བྲིས། །མི་རིགས་འདི་ནི་ལས་དབང་ཆེད་དུ་ཁྱེད་ཅག་ཆུ་མའི་ཀློང་དུ་ཉལ། །རང་གི་ཡོད་ཚད་གཞན་ལ་གཏོང་བའི་ཁྱེད་ཅག་དོན་གྱི་དཔའ་བོ་འོ། །
གྲགས་པའི་སྙན་པ་མཁའ་རུ་ཁྱབ་པའི་ཆོས་མེས་དཔོན་རྣམས་གསུམ་ཡང་། །དཀའ་སྤྱད་འདི་ཡི་འཇིགས་པ་བརྒལ་བའི་ལོ་རྒྱུས་འཇིག་རྟེན་འདི་ན་མེད། །མཛང་བློན་བདུན་གྱི་བྱེས་རྗེས་ཟེར་ཡང་ལྷག་བསམ་འདི་ལ་དོ་ཟླ་བྲལ། །དེ་ཕྱིར་ཁྱེད་ཅག་གངས་ཅན་བོད་ཀྱི་བསྟོད་པར་འོས་མེས་པོ་རེད། །
བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་མེ་ལྕེ་གོས་སུ་ནམ་ཕོད་དམ། །ལི་ཐར་ཁང་གིས་མེ་མདའི་མདེའུ་བསམ་བཞིན་ཁོག་ལ་ལེན་ཕོད་དམ། །ཨང་སན་སུ་ཡང་གཞན་གྱི་ཆེད་དུ་ཁྲི་མིན་ཡུལ་ནས་འཆི་ཕོད་དམ། །འོན་ཀྱང་ཁྱེད་ཅག་མི་རེའི་མདུན་ན་འདི་འདྲའི་དྲི་རྟགས་གཅིག་ཀྱང་མེད། །
འཇིག་རྟེན་འདི་ན་སྐྱེས་པ་མང་ཡང་འཆི་བའི་གཟི་བརྗིད་འདི་འདྲ་མེད། །འཛམ་གླིང་འདི་ན་དཔའ་བོ་མང་ཡང་རླབས་ཆེན་འདི་འདྲ་སྲིད་པ་ཙམ། །གདོང་དམར་ཚང་ལ་ཁྱེད་ཅག་བྱུང་ནས་མགོ་འཕང་བཀྱགས་ནས་འགྲོ་ཐུབ་སོང་། །དེའི་ཕྱིར་ཁྱེད་ཅག་ལོ་རྒྱུས་ཁྲོད་ན་གསེར་ཡིག་ཅན་གྱི་བྱུང་རབས་སོ། །
2012-6-24 ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས། རྒྱལ་གཅེས་དཔའ་བོ་བསྟན་འཛིན་མཁས་གྲུབ་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་པའི་གསར་འགྱུར་བྲིས་རྗེས། བོད་རང་དབང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཚད་མེད་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཕོ་མི་རྣམས་ལ་རྗེས་དྲན་གྱི་སྒོ་ནས་བྲིས།