ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ན་ཡང་ཟུག་དགོས་པས་འཆུག་མི་ཉན།
རྒྱུ་མཚན་རྒྱུ་མཚན་ཟེར་མཁན་དེ་ཚོ་ད་ནི་རྒྱུ་མཚན་ལ་ཡོལ་ནས་མ་འདུག་ཅིག དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབས་པའི་གྲས་སུ་བརྩི་རྒྱུ་མིན།
ཚིག་སྤུ་བཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་འཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ན་ཡང་ཟུག་དགོས་པས་འཆུག་མི་ཉན། ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང་། ཁྱེད་ཚོས་ཕྱོགས་འདི་ནས་ཤོར་ན་ཤོར་བ་ཡིན་ལ། ང་རང་ཕྱོགས་འདི་ནས་སྐ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད། ལོག་རྟོགས་སྙིང་སྟོབས་བརྒྱ་ཆའི་༥༠ ཡན་ཆད་ཚར་གཅོད་ཐུབ་མཁན་ཞིག་བྱུང་ཚེ། ངས་མི་ལོ་སུམ་ཅུ་ལྷག་གི་རིང་བརྩམས་པ་ཚོད་མེད་ཅིག་བཟོས་པ་དེ་འཕྲོག་བརླགས་སུ་སོང་བའི་གསལ་བསྒྲགས་སྤེལ་ངེས་ཡིན། ཞེས་རྩོམ་པ་པོ་ཚ་བ་མདའ་སྨྱུག་གིས་ཁོང་གི་དགག་རྩོམ་དེ་ལ་དགག་ལན་ཚད་ལྡན་ཞིག་ཡོང་ཆེད་དུ། དགེ་རྙིང་གཉིས་གཙོས་པའི་ནང་བསྟན་ཆོས་ལུགས་པ་ཚང་མར་མ་གོ་མ་ཐོས་མེད་པར་གསལ་བསྒྲགས་བྱས་ནས་མི་ལོ་ཁ་ཤས་སོང་ཡོད་ན་ཡང་། ད་དུང་ཡང་དགག་ལན་ཚད་ལྡན་ཞིག་ཕར་ཞོག་ཐ་ན་ཚད་ཚད་ཙམ་ཡང་བྱས་མ་ཐུབ་པ་དེས། ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་། དོན་ངོ་མར་ང་ཡིན་ཁོ་ཡིན་ཟེར་མཁན་གྱི་ཆོས་ལུགས་མི་སྣ་ཚོའི་མགོ་ས་ལ་བརྡབས་སོང་བར་ངོས་ལེན་བྱས་ཡོད།