གྲྭ་ཟུར་གྱི་ལས་དབང་།
ཕྱི་ ལོ་༢༠༡༢་ལོ་འདི་ནས་སྔོན་རྩིས་རགས་བཤད་ཅིག་བྱས་ན་སྟོན་པ་སྐུ་འཁྲུངས་ནས་ལོ་ ངོ་༢༦༣༧་དང་། ཆོས་འཁོར་བསྐོར་ནས་ལོ་ངོ་༢༦༠༢། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ནས་༢༥༥༦་ཙམ་ཕྱིན་པ་ནི་ནང་པའི་རྗེས་འཇུག་ཡོངས་ གྲགས་ཀྱི་དབང་དུ་བྱས་ཏེ་བཤད་པ་ཞིག་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམས་ལ་བརྩེ་བ་སྙིང་རྗེ་ཆེན་པོས་ཀུན་ནས་ བསླངས་ཤིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བགྲོད་ཚུལ་དུ་མ་ཞིག་བསྟན། ཐུན་མོང་མདོ་ལུགས་ཀྱི་དབང་དུ་བྱས་ན་གཙོ་ཆེ་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་ཀྱི་བསླབ་པའོ།
སྟོན་པའི་བསྟན་པ་གནས་མི་གནས་ཀྱི་ཚད་ཀྱང་དམ་ཆོས་འདུལ་བ་ལ་གཞི་བཅོལ་སྐད་ཅིག་ ཐོས་མྱོང་། སྤྱིར་མཐོ་རིམ་གྱི་སྲོག་ལྡན་མི་ཡི་ལུས་སུ་ལེན་པ་ལ་ངེས་པར་ཚུལ་ཁྲིམས་ཡང་དག་ ཅིག་བརྩི་སྲུང་དགོས་ཞེས་སྟོན་པའི་བཀའ་ལས་ཟབ་པ་ཞིག་རྗེས་འཛུག་ཚོས་བཤད་མྱོང་། དཔེར་ན་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ཏུ།། ཡོན་ཏན་ཀུན་གྱིས་གཞི་རྟེན་ལེགས་པར་གསུང་།། ཞེས་ཤོབ་ཆེན་པོ་ཞིག་བཅས་ནས། བཞད་པ་རྡོ་རྗེས། དལ་འབྱོར་མི་ལུས་མི་དཀོན་རྒྱུ།། ཚུལ་ཁྲིམས་སྲུང་བའི་མི་རེ་དཀོན།།ཞེས་སྡོམ་ཚིག་ཐོག་འདྲ་བ་ཞིག་འཕང་མྱོང། ཚུལ་ཁྲིམས་སྲུང་མིན་ནི་དགེ་ཚུལ་སློང་གི་སྡོམ་པ་ལ་གཅེས་ཉར་ནུས་མིན་ཙམ་ལ་གཞི་ བཅོལ་བ་མིན་པ་སྟེ། ཚུལ་ཁྲིམས་ཀྱི་ངོ་བོ་ནི་སྲུང་སེམས་དང་། དཔེར་ན་སྲོག་མི་གཅོད་སྙམ་པ་སོགས་རིགས་བསྒྲེ་ནུས། དེ་མིན་དགེ་ཚུལ་སློང་གི་སྡོམ་པ་ཙམ་ལ་འཇོག་ན་དེང་སང་འཛམ་གླིང་གི་མི་གྲངས་ བརྒྱ་ཆ་བཅོ་ལྔ་ཙམ་ཡང་ནང་པ་ཆགས་མེད་པ་ཤེས་བཞིན་མི་ལུས་བླང་མཁན་ཡོད་དོ་ཅོག་ དགེ་ཚུལ་སློང་གི་སྡོམ་པ་ཙམ་ལ་རགས་ལས་ཚུལ་བཤད་ན་ངོ་ཚ་བའི་རྒྱུ་ལས་མ་འདས་སོ། དགེ་ཚུལ་སློང་གི་སྡོམ་པ་བརྩི་སྲུང་བགྱིས་ན་ཕན་འབྲས་གང་ཞིག་ཡོད་མེད་ལ་གཙོ་ བོར་འཛིན་དགོས་ཤིང་། དམ་པ་ལྷ་ཆོས་ཀྱི་གཞུང་ལུགས་དག་གི་དགོངས་ཚུལ་ནི། ད་ལྟའི་དགེ་ཚུལ་སློང་འདི་དག་ཁྱིམ་པའི་རྟེན་ཞིག་ཡིན་ན་བྱིས་པ་མང་པོ་སྐྱེད་ འཕེལ་གཏོང་ཞིང་དེ་དག་གིས་སྡིག་པའི་ས་བོན་དུ་མ་གསོག་པར་བྱེད་པ་དང་། བུ་དང་ཆུང་མ་དག་ལ་དུངས་ཞེན་འཁོར་ནས་སྲིད་པའི་གྲོག་རོང་ནས་དུས་ནམ་ཡང་ཐར་བའི་ དུས་སྐབས་མེད་སྐད་བཤད། འདིའི་རིགས་ནི་ཅུང་ཟད་ལྐོག་གྱུར་སོང་གཤིས་བདེན་ཤས་ཆེ་ལ་རྫུན་ཤས་ཆེ། གང་ལྟར་མངོན་སུམ་དུ་བསྙོན་མི་འདིང་བ་ཞིག་གིས་ཚིག་ཐག་ཆོད་པོས་དགེ་ཚུལ་སློང་ གི་སྡོམ་པ་སྲུང་ནས་བསྡད་ན་ཕན་འབྲས་འདི་ལྟར་ཞེས་བཤད་རྒྱུ་ཡོད་པ་ཞིག་དགོས། དེའང་དྲང་པོ་དང་། བདེན་པ། ཟོལ་མེད། དཔྱོད་ཤེས། གནས་ལུགས་དང་མཐུན་པ་ཞིག་ངེས་པར་དགོས། འུ་བུ་ཅག་གི་ཁོར་ཡུག་ནི་གུ་དོག་ ཅིང་ཤིན་ཏུ་གཉན་ཆེ། སྲོལ་རྒྱུན་གྱི་ལམ་སྲོལ་དང་འགལ་ན་མི་མངོན་པའི་སྲོག་ཁྲིམས་དང་། མཐོང་བཞིན་རིག་བཞིན་དམྱལ་ཁམས་དངོས་མ་ཞིག་ལ་འཁྲིད་ངེས། སྟོན་པའི་རྩ་ ཁྲིམས་ལ་ཐོག་མར་འཇུག་ཅིང་ཐ་མ་བུད་ན་བན་ལོག་དང་། གྲྭ་ལོག་ཟེར། ཚིག་གི་གོ་ཐོབ་ལ་གྲྭ་ལོག་ཟེར་ན་དོན་ལ་གནས་མོད་ཀྱང་། འཇིག་རྟེན་གྱི་ཟང་ཟིང་ཚང་མ་མིས་བཟོས་པ་ཤ་སྟག་ཡིན་པས་གྲྭ་ལོག་ཅེས་པའི་ཚིག་ དེའང་རང་བཞིན་གྱི་ངན་པ་ཞིག་ལ་བརྩིེས་ཏེ། མི་བསད་ལག་དམར་ཞིག་ཡོད་ན་དཔའ་བོ་དང་རྒོད་པོ་ཟེར་ནས་མིས་སྨོན་ཞིང་རང་ཉིད་ ཀྱང་མགོ་འཕང་མཐོ། གྲྭ་པ་ཞིག་ལོག་པའི་ཉིན་དེ་ནས་བཟུང་སྟེ། མི་བསད་ལག་དམར་ལས་ཉེས་ཆེ་བ་ཞིག་བརྩིས་ནས་གྲྭ་ལོག་ཅེས་གྲལ་མཐར་དབྱུང་། བཀའ་ལོག་ཅེས་ས་མཐར་བསྐྲད། དམ་ལོག་ཅེས་སྡེ་མཐར་ཕུད། ཡོད་ཚད་ཀྱིས་སྡང་མིག་དང་མཐོང་ཚད་ཀྱིས་ངན་སྨོད་བྱེད། ད་དུང་རྒན་འཁོགས་དག་གིས་ཐོས་ན་སྙིང་རྩ་འདར་བའི་དམོད་མོ་དེ་འདྲ་རེ་བྱེད། ལུང་ཚན་འགའ་ཞིག་ནས་སྤུན་མཆེད་ཚོས་དཔུང་རུབ་ཀྱིས་ཤི་མིན་རོ་མིན་བརྡུང་བ་དང་། ཕ་མ་གཉིས་ཀྱིས་ངའི་བུ་དེ་གྲྭ་པ་ལོག་པ་ལས་ཤི་བ་མི་དགའ་རེ་ཞེས་དཀོན་མཆོག་ གསུམ་ལ་ཚད་བཙུགས། བུ་གྲྭ་པ་ལོག་པའི་རྐྱེན་གྱིས་ཕ་མ་ཁ་ཤས་རང་ཤི་བརྒྱབ་སྐད་ཀྱང་ཐོས་མྱོང་། དགའ་ཉེ་ཚོས་ཐོས་ན་ངུ་ཞིང་དྲན་མེད་བརྒྱལ། དགྲ་བོ་ཚོས་གོ་ན་དགོད་ཅིང་མཚང་འབྲུ་བྱེད། ད་དུང་བཤད་དགོས་ངེས་ཤིག་ལ་སྤྲུལ་སྐུ་དང་། གྲྭ་པ་ལ་ལས་མི་བསད་ན་གྲྭ་ལོག་མི་ཟེར་ནས་མཁྲིག་པ་སྤྱད་ན་གྲྭ་ལོག་ཅེས་གྲག་པ་ འདི་སུས་ལུགས་རེད་ཅེས་སུམ་ལྡན་རྡོ་རྗེ་འཛིན་པ་དང་། འདུལ་འཛིན་མཁན་པོ་ཚོ་ལ་འདྲི་འོས། ཁོ་བོ་ན་ནིང་བོད་ཁམས་ཉུལ་བའི་སྐབས་སུ་ཨ་ཁུ་ཞིག་དང་ཁ་བརྡ་བྱས། ང་དང་ཕྲད་མ་ཐག་ནས་ཁོང་གི་བུ་གྲྭ་པ་ཡིན་དེ་ལོག་སོང་ཟེར་ན་སྡུག་ཡུས་བཤད། གལ་ཏེ་ཁོ་གྲྭ་པ་ལོག་པ་དང་ཤི་བ་གཉིས་བྱས་ན་ཤི་བ་མི་དགའ་རེ་ཟེར་ནས་འབའ་ཞིང་ གདའ། ངས་ཁོང་ལ་རྩེད་མོའི་ཚུལ་དུ་ཁྱོད་ཀྱི་བུ་གྲྭ་པ་ཡིན་པ་ཞིག་དེ་སྔོན་ཤི་མྱོང་ ཡོད་པས་ཞེས་དྲིས་པས། མེད་ཟེར། གལ་ཏེ་ཁྱོད་ཀྱི་བུ་གྲྭ་པ་ཡིན་པ་ཞིག་ཤི་ན་ད་གདོད་གྲྭ་པ་ལོག་པ་དང་ཤི་བ་གཉིས་ ཀྱི་རིན་ཐང་དེ་གཞི་ནས་ཤེས་འོང་། སྤྱིར་ཤི་བ་ནི་བོར་བ་རེད་ལ། དེའང་གཏན་དུ་བོར་བ་རེད། དུས་ནམ་ཡང་ཕྲད་མི་སྲིད་ཅིང་ཕྱོགས་གང་ནས་ཀྱང་མཐོང་མི་སྲིད་དོ་ཞེས་ལབ་ཡིན། གལ་ཏེ་གྲྭ་པ་ལོག་པ་ལས་ཤི་བ་དགའ་བསམ་པའི་ཕ་མ་དེ་ཚོ་ལ་སྙིང་རྗེའི་མིང་ཙམ་མེད་ ཅིང་། རང་ཉིད་ཀྱི་བུ་ཕྲུག་ལ་སྒོ་ཕྱུགས་ཤིག་གི་ཞེ་འདེང་ཙམ་ཡང་མེད་པ་ཐག་ཆོད། དེ་ལྟར་དངོས་སུ་ཁ་ནས་བཤད་ཕོད་མཁན་གྱི་ཕ་མ་དེ་ཚོའི་གཏམ་དེ་ནི་ཤ་ཟ་དང་སྲིན་ པོའི་སྐད་ཆ་དངོས་མ་ཞིག་སྟེ། ཐོས་ན་འཇིགས་སུ་རུང་བའི་སྐད་ཆ་ཆོ་མེད་ངོ་མ་ཞིག་རེད། སྤྱིར་གྲྭ་པ་ལོག་ མིན་འདི་ནི་གཞི་གང་ལའང་འཛིན་ས་མེད་པ་ལྟ་བུར་སྣང་ཏེ། མི་གཞི་བཟང་བས་མི་ཕན། ཤེས་རབ་ཆེ་བས་མི་ཕན། བརྩོན་པ་ཆེ་བས་མི་ཕན། མངའ་ཐང་ཡོད་པས་མི་ཕན། འབྱོར་མེད་ཡིན་པས་མི་ཕན། སྐྱེ་གཟུགས་མཛེས་པས་མི་ཕན། སྐྱེ་གཟུགས་ངན་པས་མི་ཕན། ལོ་ན་མཐོ་བས་མི་ཕན། སྤྱོད་པ་བཟང་བས་མི་ཕན། སྒོམ་པ་ཆེ་བས་མི་ཕན། རིགས་རུས་བཟང་བས་མི་ཕན། སྙིང་རྗེ་ཆེ་བས་མི་ཕན། ཉམས་རྟོགས་ཡོད་པས་མི་ཕན། སྤྲུལ་སྐུ་ཡིན་ན་མི་ཕན། མཁན་པོ་ཡིན་ན་མི་ཕན། མདོར་ན་འདི་ལྟ་བུའི་ཆ་རྐྱེན་ཚང་ན་གྲྭ་པ་ལོག་མི་སྲིད་ཅེས་ངེས་ཅན་གྱི་གཏན་ ཚིགས་ཤིག་སུས་ཀྱང་འདྲེན་པར་དཀའ། སངས་རྒྱས་པའི་གཅིན་པ་དོར་ཐུང་ནང་དུ་ཤོར་ནའང་ཡིད་ཆེས་དང་བློས་འགེལ་བྱེད་ས་ གཙོ་བོ་ནི་ལས་ཡིན་པས། མཐར་གཏུག་ན་ལས་རེད་ཅེས་ཤོད་རྒྱུ་ལས་མ་མཆིས་ཤིང་། གྲྭ་ཟུར་ཚོ་ལ་མཚོན་ནའང་འགྲེལ་བཤད་དེ་ནི་ཅུང་ཟད་སྟབས་བདེ་ལ་གནས་སྐབས་སྦོ་ ལུག་རྒྱུ་མེད་པ་ཞིག་རེད། ཕྱིི་རོལ་པ་ལ་ལས་བྱེད་པ་པོ་ལ་ཁག་བཀལ་བ་དང་། ནང་པས་ལས་ཀྱི་ཐོག་ལ་བཞག་པ་གཉིས་ནི་ཅུང་ཟད་ཕྱི་མ་འདི་བློ་ལ་ཤོང་ཆེ། ཕྲན་ཚེགས་ཀྱི་གནད་དོན་གཞན་རེ་དང་། ཡང་ན་སྤྱི་ཚོགས་ཀྱི་འགྱུར་འགྲུས་དང་། སྒེར་དོན་གྱི་གནས་བབ། བཤད་མི་ཤེས་པའི་གསང་བ་རེ་ཡོད་སྲིད། དབང་ཡོད་དང་བཙན་ཤེད་ཀྱིས་གྲྭ་ཟུར་ཚོ་ལ་བརྙས་སྨོད་དང་། རྡུང་བརྡེགས་སོགས་བྱེད་པ་ནི་འཚེ་བ་ཆོས་སུ་སྨྲ་བའི་ལངས་ཕྱོགས་མ་ནོར་བ་ཉམས་ སུ་བསྟར་བ་ཞིག་དང་། སངས་རྒྱས་ཀྱིས་མདོ་སྔགས་གང་དུ་མ་གསུང་ཞིང་བོད་ཀྱི་ནང་བའི་ལུགས་ངན་སྐྱུགས་ བྲོ་བོ་ཞིག་རེད། ཤཱཀྱ་ཐུབ་པས། ང་ཡི་རྗེས་འཇུག་ཇི་ལྟར་ཞེན་གྱུར་ཡང་། །སྐྱེ་བོ་ཕལ་པ་བརྒྱ་ཡི་དོ་ཟླ་མེད།། ཅེས་པའི་གསུང་འདི་ལ་གོ་བའི་ལྤགས་ཤུན་ཕྱི་ནང་གཉིས་བཤུ་རྒྱུ་ཡོད་པས། ནང་ཤུན་ནི་གྲྭ་ཟུར་གང་སུ་དག་ལ་དེ་ལྟར་མིན་པའི་སྐྱེ་བོ་གཞན་བརྒྱ་ཕྲག་ཙམ་ གྱིས་དོ་ཟླ་མེད་ཅེས་གསུང་བ་ཡིན་པར་སེམས། དཔེར་ན་སྲིད་འཛིན་ཟུར་པ་དང་། སྲིད་བློན་ཟུར་པ། བཀའ་ཁྲི་ཟུར་པ་དང་། བཀའ་བློན་ཟུར་པ། སྤྱི་འཐུས་ཟུར་པ་དང་། ཁྲིམས་ཞིབ་ཟུར་པ་སོགས་ལ་དེ་ལྟར་ནུས་པའི་རྐྱེན་དང་བྲལ་བའི་སྐྱེ་བོ་གཞན་བརྒྱ་ ཕྲག་གིས་ན་མི་མཉམ་པའི་ནུས་སྟོབས་ངེས་ཅན་རེ་ཡོད་པ་བཞིན་ནོ། དེང་ཕྱིན་ཆད་གྲྭ་ལོག་མི་ཟེར་བར་གྲྭ་ཟུར་ཟེར་ནས་འབོད་མཛད་པ་ཞུ། དེང་སང་གཅེས་སྨན་དུ་མ་ཞིག་གིས་རང་ཉིད་ཀྱི་མི་ཚེའི་གཏན་གྲོགས་ལ་གྲྭ་ཟུར་ཞིག་ རྙེད་རེ་བྱེད་མཁན་མང་བ་མཐོང་ཞིང་། གཅེས་སྨན་དེའི་རིགས་ཀྱི་སེམས་ཁམས་ལ་ཁོ་བོས་རྒྱུན་ལོན་གྱི་སྐད་ཆ་ཡང་འདྲི་ མྱོང་། ཁོང་ཚོས་བཤད་ན་གྲྭ་ཟུར་དེ་དག་ནི་ནང་ཆོས་ནས་བཤད་པའི་བྱམས་པ་དང་། སྙིང་རྗེ་སོགས་ལ་ཅུང་ཟད་མྱོང་གོམས་ཡོད་པ་དེས་མི་གཞི་ལྷོད་ཆགས་པ་དང་། སེམས་པ་བཟང་པོ་ཡོད་པ། ད་དུང་སྔོན་ཆད་འཇིག་རྟེན་གྱི་བྲོ་བའི་ཚན་ཁ་མ་ཚོར་བས་དམིགས་བསལ་གྱིས་རང་ཉིད་ ཀྱི་ཆུང་མ་ལ་ཞེ་རྩིས་འཇོགས་པ། དེ་དག་གི་བྱིས་པ་དག་ལའང་ལྷན་སྐྱེས་ཀྱི་ནང་ཆོས་ལ་དུངས་ཞེན་ཡོད་པ། བླ་མ་དང་དགེ་འདུན་ལ་དད་གུས་ཆེ་བ། ཆོས་དང་འཇིག་རྟེན་གྱི་དབྱེ་མཚམས་ཤེས་པ་སོགས་དགེ་ཕན་དུ་མ་ཞིག་ཡོད་རབ་བཤད་ སོང་། བཤད་མཁན་དེ་དག་ཀྱང་ཆོ་མེད་ཀྱི་གཅེས་སྨན་དེ་ལྟར་མ་ཡིན་པར་བདེན་དོན་ལ་ཡིད་ ཆེས་དང་། ལུགས་གཉིས་ལ་སྤྱན་རས་ཡངས་པ་རྐྱང་རྐྱང་རེད། གཅིག་བྱས་ན་ཁོང་ཚོའི་སྐད་ཆ་དེ་དག་ལ་རིན་ཐང་བློར་མི་ཤོང་བ་ཞིག་ཡོད་སྲིད་དྲན། རང་རེའི་སྤྱི་ཚོགས་ནང་ལ་ཞིབ་མོས་བློས་དཔྱད་ན་གྲྭ་ཟུར་དུ་མ་ཞིག་གིས་ རླབས་ཆེན་གྱི་བྱས་རྗེས་དུ་མ་བཞག་ཡོད། ད་ལྟ་མཐོང་བཞིན་པའི་བཙན་བྱོལ་ནང་ལ་མཚོན་ན་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་དུ། གྲྭ་ཟུར་ཚོས་བཞག་པའི་མཛད་རྗེས་དེ་དག་རེ་རེ་བཞིན་མཇལ་རྒྱུ་ཡོད་ཅིང་། བོད་པའི་སྤྱི་ཚོགས་ནང་ལ་ཤེས་ཡོན་གྱི་ཞག་རྩི་བཟང་པོ་ཡོད་མཁན་ཞིག་ཡོད་ན་ཕལ་ ཆེར་གྲྭ་ཟུར་ཡིན་པས་ཁྱབ་བ་ལྟར་སྣང་བ་ཀུན་གྱིས་ཤེས། གནས་ལུགས་དང་རྒྱུ་མཚན་ལ་དཔྱད་པ་ཏིལ་འབྲུ་ཞིག་བྱེད་མི་ནུས་ཀྱང་། ལམ་དང་ལུགས་སྲོལ་ལྟ་བུས་གཞན་ལ་སྨོད་རྐྱང་བྱེད་པའི་སྤྱི་ཚོགས་འདི་ལ་བཟོ་ལྟ་ ཏོག་ཙམ་ཞིག་མ་སྤྲད་ན་བཟང་ངན་དང་། བླང་དོར་གྱི་ཚོད་མི་ཤེས་འདུག་གོ མདོར་ན་གྲྭ་ཟུར་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། གྲྭ་ཟུར་མེད་པའི་སྤྱི་ཚོགས་ནི་བ་གླང་ཁྱུ་ཚོགས་རང་གར་དུ་བྱིང་བ་དང་འདྲ། གྲྭ་ཟུར་གྱིས་ཆོས་དང་འཇིག་རྟེན་གཉིས་ཀ་སྐྱོང་བཞིན་འདུག་ཅིང་། གྲྭ་ཟུར་གྱིས་མི་རིགས་དང་རིག་གཞུང་གཉིས་ཀ་བདག་གིན་འདུག གྲྭ་ཟུར་མེད་པའི་ཉིན་དེ་ནས་སྐྱ་བོའི་མི་ཚོགས་ནི་སྐྱ་བོ་ཞིག་ལས་གང་ཡང་སྣང་ རྒྱུ་མེད་ལ། སུ་ཞིག་གིས་ཡིད་ཆེས་དང་བློ་གཏད་ནུས་པའི་སྣ་འདྲེན་ཞིག་ལ་བརྩི་མི་སྲིད་དོ། གྲྭ་ཟུར་མིན་པའི་ཤེས་ཡོན་སྡེ་བ་ལ་བལྟས་མྱོང་ལ་རེག་མྱོང་། བལྟས་ན་ནམ་མཁའི་འཇའ་ཚོན་བཞིན་སྣང་ལ་རེག་ནའང་ནམ་མཁའི་འཇའ་ཚོན་དང་ཨ་ན་མ་རེད། གྲྭ་ཟུར་གྱི་དབུ་འཕང་དགུང་ལས་མཐོ་ཞིང་གྲྭ་ཟུར་གྱི་འཕྲིན་ལས་ཉི་ཟླ་བཞིན་གསལ་ བར་སྨོན།།༢༠༡༢།༦།༢༣།བོད་ཀྱི་རྒྱལ་ས་གཉིས་པ་ནས་ཡིག་ཐོག་བཀོད།། དེ་ལ་ཚོད་ལྟ་ཞིག་བྱེད་རོགས་ལགས། གསང་ཨང་དགོས་སམ།