ས་ཆའི་བདག་དབང་ཆེད་རང་ལུས་མེར་བསྲེགས་བཏང་འདུག

ཟླ་འདིའི་ཚེས་༢༧ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་༤ ཡས་མས་ཤིག་ལ་ཁམས་སྐྱེས་རྒུ་གྲོང་ཁྱེར་དུ་བུད་མེད་ཅིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། དེ་ནི་ས་ཆའི་བདག་དབང་གི་ཆེད་དུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་གར་ལྷོ་ཕྱོགས་སེར་བྱེས་ལྡན་མ་ཁམས་ཚན་གྱི་གྲྭ་ངག་དབང་སྟོབས་ལྡན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༢༧ ཉིན་ཁམས་སྐྱེས་རྒུ་དགོན་པའི་གཤམ་འོག་སྐྱེས་རྒུ་གྲོང་ཁྱེར་དུ་བུད་མེད་རང་ལོ་ ༤༠ ཡས་མས་ཡིན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཁུངས་ལྡན་རེད་འདུག ཡིན་ནའང་། བུད་མེད་དེའི་མིང་དང་ནང་གང་ཡིན་གསལ་པོ་མི་འདུག ས་གནས་ཀྱི་མིས་བཤད་པ་ལྟར་ན་ད་ལྟ་བུད་མེད་དེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་འདུག་ཟེར། རྒྱ་གཞུང་གིས་ཁོ་མོའི་གཉེན་ཉེ་སོགས་སྨན་ཁང་དུ་ཐུག་འཕྲད་བྱེད་བཅུག་གི་མེད་པ་དང་། ད་ལྟ་ནད་པའི་བདེ་འཇགས་སྐོར་གྱི་གནས་ཚུལ་ཡང་གསལ་པོ་མི་འདུག  ས་གནས་ཀྱི་མི་མང་ཚོས་ཁོ་མོས་ས་ཆའི་བདག་དབང་གི་ཆེད་དུ་རང་ལུས་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་ཚོད་དཔག་བྱེད་ཀྱི་འདུག གང་ཡིན་ཟེར་ན། ས་གནས་སུ་ས་ཡོམ་དོན་རྐྱེན་བྱུང་རྗེས་ནས་རྒྱ་ནག་གཞུང་འབྲེལ་གྱི་ས་ཆར་ལྟ་རྟོགས་རུ་ཁག་ཆེད་འཛུགས་ཀྱིས་ས་གནས་མི་མང་གི་ས་ཆ་གཞུང་བཞེས་བཏང་བ་དང་། དེ་ནས་ཁྱིམ་ཚང་ཚོར་སྔར་གྱི་ས་ཆའི་གནས་བབ་ཚུལ་མཐུན་སྤྲོད་ཀྱི་མེད་པར་བརྟེན། ས་གནས་སུ་ངོ་རྒོལ་མང་པོ་འབྱུང་གི་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཡིན་ནའང་། ད་ལྟ་བུད་མེད་ཅིག་གིས་རང་ལུས་མེར་བསྲེག་བཏང་བ་དངོས་ཡོད་ཡིན་པ་ཙམ་ལས་ཅིའི་ཕྱིར་དུ་ཇི་ལྟར་མེར་སྲེག་བཏང་བ་སོགས་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

མེ་སོར་གསར་འགོད་པས།