གཞོན་སྐྱེས་སྨན་པ་ཚོས་ཁོང་ལ་མིག་དཔེར་མཛད་རོགས།

དེང་གི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱི་མི་མང་ལ་ཕན་ཐོག་ངེས་ཅན་གྱི་སྲིད་ཞུ་སྒྲུབ་མཁན་མི་ཉུང་བ་ཞིག་ཡོད་པའི་ནང་སྐུའི་བླ་སྨན་པ་ཨིམ་ཆེ་ཚེ་དབང་རྟ་མགྲིན་མཆོག་ནི་གཞོན་སྐྱེས་སྨན་པ་ཚོས་ཁ་མིག་ཡར་ལྟ་གནང་སའི་ཞིག་ཏུ་འགྱུར་ཡོད། ཁོང་གི་གཟིམ་ཤག་མཐར་ཉིན་ལྟར་སྔ་དྲོ་ཚོུད་༥ནས་ཉམས་ཐག་ནད་པའི་སྐོར་ནས་བག་ཡངས་ཀྱི་གཟིམས་ཁུག་རྒྱུའི་སྐལ་བ་རིང་དུ་བཅད་ཡོད།

ཁོང་གི་ཉམས་ཐག་སྨན་པ་ཚོས་ལ་བཅང་པའི་བརྩེ་སེམས་དང་བྱམས་བརྩེའི་གསུང་གི་ཟེར་མ་རེ་རེས་ནད་པ་རྣམས་སེམས་ལ་དགའ་ལྷང་ལྷང་གི་ཚོར་སྣང་དྲོན་མོ་རེ་སྦྱིན་བཞིན་ཡོད་ལ་གསོ་རིག་ལག་རྩལ་གྱིས་ནད་གཞི་རྣམས་དམིགས་མེད་འགྱུར་མཁན་ཡང་ཉུང་ཉུང་གཏན་ནས་མིན། ཁོང་ལ་ནད་པས་འཚང་ཁ་དང་ཉན་ན་རྫོགས་རྒྱུ་མེད་པའི་སྐད་ཆ་ཇི་ཙམ་བཤད་ནའང་ཁོང་གི་ཞལ་རས་ལ་ཉོབ་སྣང་དང་མི་འདོད་པའི་རྣམ་པ་ཞིག་གཏན་ནས་མངོན་མྱོང་མེད། དེ་ནི་ཁོང་གིས་ནད་པ་རྣམས་ལ་བཅང་པའི་ལྷོད་མེད་ཀྱི་བརྩེ་སེམས་རྣལ་མ་ཞིག་ལོས་ཡིན། ཁོང་ལྟ་བུ་ཆེད་ལས་ཀྱི་ལག་རྩ་འདི་ལྟར་ཡོད་མཁན་ཞིག་གིས་རང་ཉིད་སྒེ་གཉེར་སྨན་ཁང་ཞིག་གཟུང་ན་ཁང་རྩིགས་ཐོན་པོ་དང་དངུལ་ལོ་འབད་མེད་ལྷུན་འགྲུབ་ཡིན་པ་ཤེས་ནའང་སྨན་རྩིས་ཁང་གིས་གནང་བའི་ལས་ཤག་དཀྱུས་མ་ཞིག་གི་ནང་རྒྱས་སྤྲོས་གང་ཡང་མེད་ཐོག་ཉམས་ཆུང་ཚུལ་ལྡན་ཞིག་གིས་འཚོ་བ་སྐྱལ་ནས་བཞུགས་པ་དེ་ཁོང་གཟའ་མི་གཉིས་ཀས་རང་རེ་སྤྱི་ཚོགས་ནང་ཁ་མིག་ཡར་ལྟར་གནང་སའི་མིག་དཔེ་བཟང་པོ་ཞིག་འཇོག་ཡོད། དེས་ན་ཕྱིས་བྱུང་གི་འཚར་ལོང་བྱུང་བཞིན་པའི་སྨན་པ་རྣམས་ཀྱིས་ཁོང་ལ་མིག་དཔེར་འཇོག་ཐུབ་ཚེ་གསོ་རིགས་གཞུང་ལུང་ཀྱི་བསྟན་པའི་སློབ་བྱ་ཡིན་ལ་རང་ཉིད་ཀྱི་བཟང་སྤྱོད་ཀྱི་འོས་འགན་ཞིག་ཀྱང་ཡིན། ཁོང་གི་བཀའ་དྲིན་འདི་ནི་སྤྱིར་ན་བོད་མི་རིགས་ཡང་དགོས་ཉམས་ཆུང་ནད་པ་ཚོས་ཅི་ནས་ཀྱང་དྲན་དགོས་ངེས་ཤིག་ཡིན།