ཕ་ཡུལ་མིག་ལ་ཐོགས་དུས། (འདྲ་པར)

༄། །ཕ་ཡུལ་མིག་ལ་ཐོགས་དུས།
སྒང་གཤོང་གཉིས་བསྡུར་ན་ཡང་ནམ་མཁའ་འདིས་གོ་རེར་བཀབ་ཡོད། །
ཁང་ཆུང་དག་མང་ན་ཡང་རྩི་ཐོག་འདིས་ཡུག་ཅིག་བསྐོར་ཡོད། །
སེམས་པ་འདིའི་གླན་ས་ཡིན་ལུས་པོ་འདིའི་འཚར་ས་རེད། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

ཁང་ཁྱིམ་འདི་ཆེ་ན་ཡང་ལག་རྩལ་གྱིས་ཁྲིགས་སེར་བཟོས་སོང་། །
ནས་ཞིང་འདི་མང་ན་ཡང་མཛོ་ཕོ་ཚོས་ཤར་རེར་རྨོས་སོང་། །
དར་ལྕོག་གི་རྡེབ་ས་ཡིན་བྱང་ཁོག་འདིའི་ལང་ཚོ་རེད། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

སྔོན་པོ་འདི་གཡུ་མིན་ཡང་རང་བྱུང་གི་ཕ་སར་གྲུབ་ཡོད། །
རྩིག་པ་འདི་ཀྱོག་ཆེ་ཡང་འཚོ་བ་ཡི་ཁ་སྐྱོར་བྱས་ཡོད། །
མེ་ཏོག་གི་བཞད་ས་ཡིན་མི་ཡུལ་གྱི་ཞིང་ཁམས་རེད། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

སྤྲིན་པ་འདི་དཀར་ན་ཡང་འོ་མ་ཡི་རང་མདངས་འགྱུར་མེད། །
ནམ་མཁའ་འདི་སྔོ་ན་ཡང་མགོ་གཡུ་ཡི་ཁ་དོག་བརླག་མེད། །
རྟ་རྒོད་ཀྱི་འཚེར་ས་ཡིན་འབྲི་མོ་ཚོ་ངུར་ས་རེད། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

རྫ་རི་འདི་བཙན་ན་ཡང་འཕྲེད་ལམ་ཞིག་ཏག་ཏག་གཏོད་ཡོད། །
བྲག་རི་འདི་སྲ་ན་ཡང་མ་ཎི་རེ་ཧྲིལ་ལེ་བརྐོས་ཡོད། །
ཕ་ཤུལ་དུ་བུ་འཚར་བྱུང་དཔུང་པ་རེས་གནམ་བཀྱག་བྱུང་། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

སྙེ་མ་རྣམས་སྙིང་རྗེ་ཡང་ལག་པའི་ནང་ཉིལ་ལེར་བསྡུས་སོང་། །
དབྱར་རྩ་འདི་ཡར་སྐྱེས་ཀྱང་འཇོར་རྩེ་ཡིས་ཤ་རེ་བྲུས་སོང་། །
རོང་འབྲོག་གཉིས་དར་ས་རེད་ཆོས་ལུགས་ཀུན་མཐུན་ས་ཡིན། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

ནགས་རི་འདི་སྟུག་ན་ཡང་འབབ་ཆུ་འདིས་ཁྲིག་ཁྲིག་འདང་ཡོད། །
དགུན་ཁ་ནི་གྲང་ན་ཡང་འབུད་ཤིང་ནི་ཧྲག་ཧྲག་བསྡུས་ཡོད། །
རྫིང་བུ་འདི་དར་ཆགས་བྱུང་བྱ་ཁྱུ་ཚོ་འཕུར་མཁན་རེད། །
ཕ་ས་དང་ཕ་ཡུལ་ཡིན་ཁམས་སྡེ་དགེའི་ལུང་པ་རེད། །

༢༠༡༢་༧་༢ ཉིན་ཕ་ཡུལ་གྱི་འདྲ་པར་མང་པོ་ཞིག་ལག་སོན་བྱུང་བ་དང་། དེ་བཞིན་དྲ་ཐོག་ཏུ་ཕ་མ་གཅིག་པའི་མི་སྲིང་བཞི་ཕར་བལྟ་ཚུར་ལྟའི་ངང་ལྷན་ཅིག་ཏུ་འཛོམས་པའི་ཉིན་བྲིས་སོ།


(དེང་སང་འདྲ་པར་དག་གང་བྱུང་བཀོལ་གྱིན་འདུག་པས་རྟགས་བརྒྱབ་ཡོད། འདི་གའི་འདྲ་པར་དག་བཤུ་འདྲེན་ལ་འཆམ་ར་བའི་ཆོག་མཆན་དགོས་)