རང་བཙན་ལ་བསྐྱར་ལོག་བྱེད་རན།

རང་བཙན་ལ་བསྐྱར་ལོག་བྱེད་རན། (བང་ཆེན་དྲ་བ་ནས་དྲངས།)
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༣  ཕྱི་ལོ་ ༢༠༡༢/༧
བོད་རྒྱ་འབྲེལ་བའི་འགན་གཙོ་བོ་ཁུར་མཁན་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐལ་བཟང་རྒྱལ་མཚན་གཉིས་ལས་གནས་ནས་རྩ་དགོངས་ཞུས་ནས། བོད་རྒྱ་ཞི་བའི་གྲོས་མོལ་ལ་རེ་བ་མེད་པའི་གསལ་བསྒྲགས་གནང་བ་རེད།

དེ་ནི་བཙན་བྱོལ་བོད་པའི་ནང་བོད་རྒྱའི་འབྲེལ་བའི་སྐོར་ལ་རྒྱུས་མངའ་ཆེ་ཤོས་ཀྱི་མི་སྣ་གཉིས་ཀྱིས་གསལ་སྟོན་གནང་བའི་གནས་ཚུལ་ངོ་མ་དེ་རེད། ད་བར་མི་ལོ་༣༣ ཙམ་གྱི་རིང་མེས་ཚིག་མེར་གཏུག་གི་ཐོག་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་པ་རེད་ལ། ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་འདུན་དུ་གྱུར་པའི་བོད་རང་བཙན་གྱི་གནས་བབས་རྩོད་ལེན་བྱེད་རྒྱུ་ཡང་བློས་བཏང་བ་རེད། ང་ཚོས་བློས་གཏོང་བྱེད་ཕྱོགས་ཐོག་ནས་བློ་འགྱོད་མེད་པ་ཆགས་པ་རེད།

ལན་མང་བརྗོད་མྱོང་བ་བཞིན། རྒྱ་དམར་གཞུང་གིས་བོད་ལ་སྙིང་རྗེ་བལྟས་ནས་དམིགས་བསལ་གྱིས་གསོལ་རས་ཤིག་གནང་མི་སྲིད་པ་གཞུང་མང་གཉིས་ངོས་ནས་གསལ་པོར་གྱུར་ཟིན་པ་རེད། འདས་པའི་མི་ལོ་༣༣ ཙམ་གྱི་རིང་རྒྱ་དམར་གཞུང་དང་འབྲེལ་བ་བྱ་རྒྱུ་གཙོ་བོར་བཟུང་ནས། ལོ་རྒྱུས་ཀྱི་གནས་བབས་ཀྱང་བསྐྱར་གླེང་མི་བྱེད་པར། མ་འོངས་པའི་གནད་དོན་ཐོག་བོད་རྒྱ་མཉམ་གནས་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་སྲིད་བྱུས་དང་ཐབས་ལམ་འདྲ་མིན་སྤེལ་བ་དང། ལྷག་པར་ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་བྱས་པའི་རྗེས་སུ་རྒྱ་དམར་གྱི་རྩ་ཁྲིམས་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་ཡིག་ཐོག་ནས་བཏོན་པ་རེད།

གང་ལྟར་མི་ལོ་༣༣ ཙམ་གྱི་རིང་རྒྱ་དམར་གཞུང་ལ་བསྟུན་མཁས་དང། ཁོང་ཚོའི་འདོད་པ་བཞིན་བསྒྲུབས་མ་ཐུབ་པའི་འགྱོད་པ་སྤུ་རྩེ་ཙམ་མེད་པར་གྱུར་པ་རེད། རྒྱ་དམར་གཞུང་བསམ་ཤེས་དང་གོ་ཤེས་བྱེད་མཁན་ཞིག་ཡིན་ན་བོད་དོན་ལ་གུ་ཡངས་ཤིག་གཏོང་ཆོག་ངེས་ཀྱང། མཁྲེགས་ནས་མཁྲེགས་སུ་བཏང་བར་བརྟེན། ལོ་ཤས་ནས་བོད་མི་བཞི་བཅུ་ལྷག་གིས་རང་ལུས་མཆོད་མེར་སྦར་ནས་རང་སྲོག་བློས་གཏོང་གནང་བ་རེད། རྒྱ་དམར་གཞུང་གི་སྟོབས་ཤུགས་མ་རྫོགས་ཀྱི་བར་བསམ་ཤེས་མི་བྱེད་པའི་གནས་སྟངས་ངོ་མ་དེ་ང་ཚོས་གསལ་པོ་མཐོང་ཟིན་པ་དང། རྒྱ་དམར་གཞུང་གིས་༧གོང་ས་མཆོག་ཀྱང་འཇིགས་སྐུལ་བ་རེད་ཅེས་སྐུར་འདེབས་བྱེད་བཞིན་པ་རེད།

རྒྱ་དམར་དྲག་གཞུང་གི་ཧམ་སེམས་ཆེ་ནས་ཆེ་རུ་བཏང་སྟེ། ད་ལྟའི་ཆར་བཙན་བྱོལ་བོད་མི་ཚོས་ཀྱང་རང་བཙན་ཞེས་བརྗོད་མི་ཆོག་པ་དང། དེ་བརྗོད་ན་མི་འགྲིག་ཚུལ་བརྗོད་བཞིན་ཡོད། དེའི་ཤུགས་རྐྱེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུའང་ད་ལྟའི་ཆར་དར་ཁྱབ་ཡོང་གི་ཡོད་པ་ནི། བཀྲ་མི་ཤིས་པ་དང་ལྟས་ངན་གྱི་སྣ་འདྲེན་ཞིག་ཏུ་གྱུར་ཡོད། ཁ་ཤས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་ལམ་དབུ་མའི་གོ་རྟོགས་སྤེལ་རྒྱུ་གཙོ་བོར་བཟུང་ཡོད་ཀྱང། གལ་སྲིད་ནུས་པ་ཡོད་ན་རྒྱ་དམར་གཞུང་གི་དཔོན་རིགས་དང་དེའི་རྗེས་འབྲངས་པ་རྣམས་ལ་ལམ་དབུ་མའི་གོ་རྟོག་སྤེལ་དགོས་པ་ལས། བཙན་བྱོལ་བོད་མི་རྣམས་ལ་ལས་འགུལ་དེ་ལྟར་སྤེལ་དགོས་དོན་གང་ཡང་མེད།

འདས་པའི་ལོ་༣༣ ཙམ་གྱི་རིང་བཙན་བྱོལ་བོད་མིས་དབུ་མའི་ལམ་གྱི་ནང་དོན་མ་རྟོགས་པར་བོད་རྒྱ་ཞི་མོལ་གྱི་ལས་དོན་ལ་གྲུབ་འབྲས་མ་བྱུང་བ་མ་རེད་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡོད་པས་བོད་རྒྱ་ཞི་མོལ་གྱི་ལས་དོན་ལ་གྲུབ་འབྲས་མ་བྱུང་བའང་མ་རེད། དོན་དངོས་རྒྱ་དམར་དྲག་པོའི་གཞུང་གིས་དོན་དངོས་ལ་བསམ་ཤེས་གཏན་ནས་མ་བྱས་པར་བོད་རྒྱ་ཞི་མོལ་མ་བྱུང་བ་དང། མ་འོངས་པར་ཡང་རྒྱ་དམར་དྲག་གཞུང་མུ་མཐུད་དུ་གནས་བསྡད་པ་ཡིན་ན་བོད་རྒྱ་ཞི་མོལ་ལ་རེ་བ་གཏན་ནས་རྒྱག་མི་འོས་པ་ཞིག་རེད། དེར་བརྟེན་རེ་བ་མེད་པའི་ལམ་ཁ་དེར་ཨུ་ཚུགས་ཀྱིས་ཞུགས་པ་ལས། བོད་མི་རིགས་ལ་ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་དེ་ཨེ་འགྲུབ་བལྟ་རྒྱུའི་དུས་ལ་བབ་འདུག

རེ་ཟུང་ཞིག་གིས་ཕྱི་ལོ་༡༩༧༩ ལོའི་བར་ང་ཚོས་རང་བཙན་རྩོད་ལེན་བྱས་ཀྱང་གྲུབ་འབྲས་མ་བྱུང་བ་རེད་ཅེས་བརྗོད་བཞིན་ཡོད་ཀྱང། དོན་དངོས་ཐོག་ཕྱི་ལོ་༡༩༥༩ ལོ་ནས་༡༩༧༩ ལོའི་བར་བོད་རང་བཙན་གྱི་ལངས་ཕྱོགས་ཙམ་བཟུང་ཡང། རྩ་དོན་ཆེད་དེ་ཙམ་གྱི་ལས་འགུལ་སྤེལ་ཐུབ་མེད་པ་ནི། སྐབས་དེའི་དཀའ་ཁག་ཅན་གྱི་འཚོ་བའི་གནད་དོན་ཐག་གཅོད་དགོས་པ་དང། ཤེས་ཡོན་གྱི་གོ་སྐབས་གསར་སྐྲུན་བྱེད་དགོས་པས་གཙོ་བོ་གཞིས་ཆགས་ཁག་གསར་འཛུགས་དང། སློབ་གྲྭ་གསར་རྒྱག་བཅས་ཀྱི་ཐོག་ལ་ནུས་པ་ཡོད་ཚད་སྤུངས་པ་རེད། ད་དུང་སྐབས་དེ་དུས་བཙན་བྱོལ་ནང་ཕྱི་ལ་འབྲེལ་བ་བྱེད་ཐུབ་མཁན་གྱི་གནའ་དེང་གི་ཤེས་ཡོན་ཡོད་པའི་མི་སྣ་ཡང་ཧ་ཅང་ཉུང་ངུ་ཞིག་ལས་མེད།

བཙན་བྱོལ་སྤྱི་ཚོགས་ལ་འཚོ་ཐབས་ཀྱི་ཐོག་ནས་དཀའ་ངལ་མེད་པ་དང། ཤེས་ཡོན་གྱི་ཐོག་ནས་རང་འགོ་ཐོན་ཙམ་བྱུང་བའི་སྐབས་ནས་བོད་རང་བཙན་སླར་གསོ་བྱ་རྒྱུ་བློས་བཏང་བ་རེད། བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་སྐབས་མཉམ་འབྲེལ་རྒྱལ་ཚོགས་སུ་སྔ་རྗེས་གྲོས་ཆོད་བཞག་ཡོད་ལ། རྒྱ་དམར་གཞུང་གིས་ཀྱང་སྐད་ཆ་བཤད་རྒྱུ་ཡིན་པའི་རྣམ་འགྱུར་དེ་རང་བཙན་གྱི་ལངས་ཕྱོགས་བཟུང་བའི་སྐབས་སུ་བྱུང་བ་རེད། དེར་བརྟེན་གཞུང་གིས་བོད་རང་བཙན་གྱི་སྲིད་བྱུས་སླར་གསོ་བྱེད་དགོས་པ་ཧ་ཅང་གལ་ཆེ། མགྱོགས་མྱུར་ངང་གྲུབ་འབྲས་ཐོན་ཐུབ་མིན་བཤད་དཀའ་ཡང། མཐར་ཐུག་བདེན་པའི་རྒྱལ་ཁ་ཞིག་འཐོབ་ངེས་རེད་སྙམ། དེར་བརྟེན་ཐབས་ལམ་མེད་པའི་ཐབས་ལམ་འདི་ཉིད་བསྐྱར་དུ་མི་འདེམས་ཀ་མེད་རེད།།