སེམས་སྐྱོ་བའི་ཚོར་སྣང་།

༄༅། ཀ་བ་འདྲའི་དྲང་པོ་ང་ལ་མེད་ཀྱང་།།

མ་རུང་སྤྱོད་ངན་ཀུན་སློང་གྲུབ་པ་མེད།།

གཞན་ཕན་བསམ་བློ་ཆེན་པོ་མེད་ངེས་ཀྱང་།།

ང་རང་ཁེར་སྡོད་དཀའ་ངལ་དེ་ཙམ་མེད།།

ཁ་གཡེང་ཆེ་རྐྱེན་ཉིན་ལྟར་འཁྱམས་པོ་ཡིན།།

ཆད་མེད་གཞིས་གྲོང་གསུམ་པར་སླེབས་པ་འདི།།

དངུལ་ཁུག་སྟོང་པ་བཟོས་བ་མ་ཤེས་ལ།།

ཐུག་པ་མོ་མོ་ཞིམ་འདུག་ཟེར་བས་སླེབས།།

 

ག་ལེ་ག་ལེ་རང་བཙན་ལེན་པའི་དུས།།

ཁ་གཡེང་མེད་པར་གངས་ལྗོངས་ཕྱོགས་སུ་ལོག།

སྒུག་མིའི་དྲིན་ཅན་ཕ་མ་ང་ལ་མེད།།

སྤུན་མཆེད་མཉམ་དུ་འཚོར་བ་སྤྱོད་དགོས་སམ།།

 

ཅ་ཅོ་རྙོག་གླེང་མང་བའི་གནས་ཕྱོགས་འདིར།།

ཡུན་རིང་བསྡད་ན་ཕན་པར་ཅི་མ་མཐོང་།།

སྔ་མའི་སྨོན་ལམ་ལས་དབང་མ་རྫོགས་པར།།                                                                                   འགྲོ་དགོས་བསམ་ན་དུས་ཤིག་ཐུག་པ་དཀའ།།

 

ཆ་བཞག་བློས་བཀལ་ཡིད་གཏན་ང་ལ་མེད།།

ཐ་ཤལ་མ་རབས་སྤྱོད་པ་ང་ལ་མེད།།

ཡ་རབས་སྤྱོད་པ་དེ་ཡང་ང་ལ་མེད།།

ཆ་མེད་སྤྱོད་མེད་ཅན་གྱིས་མི་ཚེ་རྫོགས།།

 

ཇ་ཆེན་མངར་ཇ་རགས་ན་ངོ་འཛུམ་འཛུམ།།

ཆང་རག་མིག་གིས་མཐོང་དུས་ཞེ་ལོག་ལོག།།

དེ་ནི་ལྟ་བའི་བློ་ཕྱོགས་ཆེ་རྐྱེན་རེད།།

མི་ཚེ་འདི་འདྲ་ཞིག་གིས་འཁྱོལ་དགོས་སམ།།

 

ཉ་མོ་འདྲ་བའི་གཟུགས་མཉེན་ང་ལ་མེད།།

གཡང་དཀར་ལུག་གཟུགས་འདྲ་བ་དེ་ལས་མེད།།

འཁྱོག་འཁྱོག་ལུག་རྭ་འདྲ་བ་ག་པར་ཡོད།།

འདི་ཙམ་གཟུགས་པོའི་འགྲིག་ཐག་མགུ་ཐག་ཆོད།།

 

ཏ་མཐར་མིག་མེད་གཡང་མཆོང་མ་བྱས་ཨང་།།

ག་ལེ་ག་ལེ་སླེབས་པའི་དུས་ཤིག་འོང་།།

གནས་ཚུལ་ཛ་དྲག་ཐུག་མིན་ལྟ་ཤེས་ཀྱི།།                                                                                      མཐའ་མར་ག་པར་ཕྱིན་ཀྱང་འགྱོད་པ་མེད།།

 

ཐ་མ་ནག་པོ་མ་འཐེན་གཞོན་སྐྱེ་ཚོ།།

རྩ་ལམ་ཁྲག་ལམ་སོགས་ལ་གནོད་སྐྱོན་ཆེ།།

ལོ་ཆུང་འཕྲོད་བསྟེན་བྱེད་དགོས་གལ་ཆེ་ཡིན།།

མཐའ་མར་འགྱོད་པ་བསྐྱེད་དུས་ཕྱི་ཚར་རེད།།

 

ད་ནས་འདི་འདྲ་མ་བསྡད་ཕ་བཟང་བུ།།

སྒྲུབ་དང་སྒྲུབས་ཤིག་ཐར་ལམ་ཕྱོགས་སུ་བསྒྲུབ།།

ཡང་ན་བོད་དོན་རང་བཙན་རྩོད་ལེན་གནང་།།

ཁ་ཁུ་སིམ་པོ་དེ་ལས་མ་བསྡད་རོགས།།

 

ན་ཚ་ནད་གཞི་མེད་ཚེ་དོན་ཆེན་བསྒྲུབས།།

ལྟོ་གོས་གཏམ་གསུམ་མ་བལྟས་ཕ་བཟང་བུ།།

འཆི་བདག་གང་དུ་འོང་བ་མ་འཚོར་ནས།།

དེ་འདྲ་སོང་ཙང་ཆོས་ཤིག་སྒྲུབ་ན་དགའ།།

 

པ་ཕ་འགྲམ་ལ་བསྡད་སྐབས་དྲིན་མ་ཚོར།།

ས་མཐར་རྒྱང་དུ་སླེབས་དུས་ཚོར་སྣང་སྐྱེད།།

གབ་ཕྱི་གོ་ལོག་འདི་འདྲ་ལས་དབང་རེད།།                                                                                      སྔར་འདས་མ་ཞེན་མ་འོངས་ལས་ལ་བརྩོན།།

 

ཕ་ཡི་བྱ་བ་བཟང་མིན་ངས་མ་ཤེས།།

སྤྲང་ཕྲུག་ལས་ངན་བསགས་པའི་རྣམ་སྨིན་རེད།།

ག་འདྲ་ཞིག་དགོས་ངེས་པ་མ་རྙེད་དུས།།

སྐྱིད་སྡུག་བཟང་ངན་བཤད་ས་ང་ལ་མེད།།

 

བ་མིན་མཛོ་མིན་བཞོ་བ་གང་དུ་རགས།།

འབྲི་དང་ར་ལུག་སོགས་ཀྱི་འོ་མ་དཀོན།།

དངོས་པོའི་གནས་ཚུལ་བཤད་པ་དེ་ལས་དཀོན།།

གང་འདྲ་ཞིག་གིས་མི་ཚེ་འཁྱོལ་ངམ་བསམ།།

 

མ་རབས་མི་བྱེད་བུ་ངའི་དམ་བཅའ་ཡིན།།

ལས་སྐལ་བཟང་ཞིང་དགའ་ལྡན་སླེབས་པ་ཡིན།།

བདེ་སྡུག་འབྲས་བུ་དམྱལ་སྨིན་རྣམས་ཀྱིས་གྲུབ།།

མ་ཞེན་མ་ཞེན་རྙོག་གླེང་ལས་འབྲས་གཟིགས།།

 

ཙ་རི་རྩྭ་སོགས་ནོར་ཕྱུགས་ཀྱིས་ཟོས་ཀྱང་།།

ཤ་རུས་ཁྲག་སོགས་ཟ་བའི་ཁྱི་འཁྱམས་བཞིན།།

ལས་འབྲས་ཆུ་ལྟར་དཀྲོག་པའི་རྔོན་པ་རྣམས།།                                                                                  བདག་མེད་རི་དྭགས་སྲོག་གཅོད་སྤངས་བར་བརྩོན།།


ཚྭ་རིགས་མང་ན་འཕྲོད་བསྟེན་གནོད་མཁན་ཆེ།།

གཅིག་ཀྱང་མེད་ན་ཟས་ལ་བྲོ་བ་མེད།།

ཏག་ཏག་ཚད་ཚད་བྱེད་ནས་ལེགས་པར་ངེས།།

མ་བལྟ་མ་དཔྱད་ནོར་འཁྲུལ་ཆེན་པོ་འོང་།།

 

ཛ་འཛག་བཤད་པའི་མི་ལ་མ་ལྟ་རོགས།།

དངོས་པོ་དོན་ལྡན་བཤད་མཁན་དཔྱད་པར་ཚོལ།།

ཟབ་པ་རྒྱ་ཆེར་བཤད་མཁན་རྙེད་པའི་དུས།།

བགྲོད་ལམ་ཀྱོག་ཀྱོག་མིན་པར་རྗེས་འབྲང་ཕྱིན།།

 

ཝ་སྐྱེས་ཁྱོད་ཀྱིས་བཤད་པའི་དོན་ཆེན་འདི།།

སྤུ་མདོག་དམར་སེར་ནག་པོ་གཞན་ལ་མེད།།

རྫུན་གཏམ་ཡིན་པ་ཁུངས་ཆོད་ར་འཕྲོད་ཡོད།།

རི་བོང་སྤུ་མདོག་དམར་སེར་ནག་སྐྱ་ཡིན།།

 

ཞྭ་ནག་གོས་ནག་གྱོན་ན་སྤྱོད་པར་གནོད།།

དགེ་ལྡན་གྱོན་ཆས་མཚོན་མདོག་དམར་སེར་རེད།།

ཁྲ་ཁྲ་ཟིང་ཟིང་གྱོན་པའི་ག་ལ་ནུས།།                                                                                             ཁྲིམས་དང་སྒྲིག་གཞི་ཡོད་མེད་ངས་མ་ཤེས།།

 

 

ཟ་རིགས་སོགས་ལ་དགའ་བའི་གུང་སྟོབས་རྒྱས།།

ལུས་ཁམས་གནོད་རྐྱེན་ཟས་རིགས་ངས་མི་ཟ།།

ཞིམ་ཟས་ཁ་རུ་བྱུང་ན་དངུལ་བུ་ལོན།།

ལེན་དགོས་བྱུང་ན་འགྱོད་པ་ཏིལ་འབྲུ་མེད།།

 

འ་འུར་ཅ་ལེ་ཅོ་ལེ་ང་མི་དགའ།།

ཁ་གསལ་གདིང་གསལ་གྲོགས་པོ་ང་ལ་མེད།།

ཅ་ཅོ་རྙོག་རྙོག་བཤད་མི་དེ་ལས་མང་།།

ཕན་གནོད་ཤེས་ཀྱང་ལས་འབྲས་བྲལ་ཐབས་མེད།།

 

ཡ་རབས་ཡ་རབས་ཟེར་བའི་ཚིག་བཟང་འདི།།

མ་རབས་མ་རབས་སྤྱོད་ངན་སྤངས་པ་བརྩོན།།

བཟང་ངན་དབྱེ་འབྱེད་ཤེས་པར་ལོས་དགོས་སམ།།

ག་སྲིད་དབྱེ་འབྱིད་མི་ཤེས་དུད་འགྲོ་བཞིན།།

 

ར་མ་ལུག་གི་སྐད་རིགས་རྒྱབ་དྲགས་ན།།

བོད་པ་ཚང་གི་ཡིག་སྐད་རྗེད་པ་སྲིད།།

རྩམ་གཙང་ཆུ་གཙང་ཟ་འཐུང་ཞིམ་པ་ཡོད།།                                                                                 གངས་ལྗོངས་བདག་པོ་བོད་མི་ལོས་ཡིན་ནོ།།                                                                                

 

 

ལ་ལུང་མང་པོ་འགྲིམས་ནས་ས་མཐར་སླེབས།།

དང་པོ་ནང་ནས་འོང་དུས་དམིགས་ཡུལ་དེ།།

གཞུང་ལུགས་ཐོས་བསམ་བྱེད་དགོས་བསམ་ཡོད་ཀྱང་།།

ཉིས་སྟོང་བརྒྱད་ཀྱི་ནག་སྲིད་འོག་ཏུ་ཤོར།།

 

ཤ་མར་ཐུད་གསུམ་བོད་ཀྱི་ཟས་ཆེན་ཡིན།།

དེ་གསུམ་མིན་པའི་བོད་ཀྱི་ཟས་ཆེན་མེད།།

ཤ་ཟ་ཤ་ཟ་ཟེར་བ་ཡོད་མོད་ཀྱང་།།

བོད་པ་ནང་བཞིན་ཤ་ཟ་མི་སྲིད་དོ།།

 

ས་སྒང་འབབ་པའི་ཆུ་བོ་རྔུལ་ཆུའི་འགྲམ།།

ངའི་ཕ་ཡུལ་ཤོ་སྟར་ལྷོ་གསུམ་ཡོད་ཀྱང་།།

དེང་དུས་རྫོང་ཁག་གཉིས་སུ་བསྡུས་དེ་ཡང་།།

ལྷོ་རྫོང་སྟར་རྫོང་གཉིས་སུ་ཡིན་པར་གྲགས།།

 

ཧ་ཧ་བྱེད་ཤས་དོན་ཆེན་བརྩོན་སྐབས་ལ།།

ཧ་ལས་ཧོན་འཐོར་ནང་དཀྲོག་བྱེད་པའི་དུས།།

ཧ་ཅང་བློ་ཕམ་ཞིག་གི་འོག་ཏུ་ནས།།                                                                                             ཐ་ཤལ་གྲྭ་རྐྱང་ང་ཡི་མདུན་ལམ་ཤོར།།

 

 

ཨ་ཁ་ཨ་ཁ་ཟེར་བའི་དུས་འདི་ལ།།

ཨོ་ཨོ་ཤོར་སྐབས་དབུགས་རྔུབ་དཀའ་ལས་ལ།།

ཨ་རྫིས་ཨ་རྫིས་མ་རུང་ལས་འབྲས་སྲུང་།།

ད་ནས་གང་འདྲ་བྱེད་ཀྱང་གྱོང་གུད་ཆེ།།