བོང་སྟག་དགོན་པའི་གྲྭ་པ་ཁག་ཅིག་ལ་ཁྲིམས་ཆད།
རྒྱ་གཞུང་གིས་བོད་མདོ་སྨད་བོང་སྟག་དགོན་པའི་གྲྭ་པ་གསུམ་ལ་བོད་དོན་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག འཛིན་བཟུང་བཙོན་འཇུག་གིས་ཁྲིམས་ཐག་ ལོ་༡༠ནས་༡༡ བར་བཅད་ཡོད་པ་རེད།
དེ་ཡང་འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༧ ཉིན་བོང་སྟག་དགོན་པའི་གྲྭ་དམ་ཆོས་ཀྱི་སྐུ་ལུས་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས། ལས་འགུལ་དེ་ངན་སྐུལ་བྱས་པའི་ཉེས་མིང་འོག་ བོང་སྟག་དགོན་པའི་བྱང་སེམས་ལ་ལོ་དགུ་དང། མཁས་གྲུབ་ལ་ལོ་༡༡ སངས་རྒྱས་ལ་ལོ་༡༠བཅས་ཀྱི་ཁྲིམས་ཐག་བཅད་ཡོད་ཅིང་། དེ་མིན་ཉེ་ལམ་གློད་གྲོལ་ཐོབ་པའི་མི་སྐྱ་དམ་ཆོས་ཡང་བསྐྱར་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཐེམ་ཆེན་རྫོང་མཁར་དམར་ཡུལ་གསེར་ཆུ་སྡེ་བའི་བུ་དམ་ཆོས་སམ། ཡོངས་གྲགས་ལ་ཨེ་ཝམ་ཏ་རེ་ཟེར་བ་དེ་སྔོན་བོང་སྟག་དགོན་པའི་གྲྭ་པ་དམ་ཆོས་ཀྱི་སྐུ་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས། ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཀག་ཉར་བྱས་པ་དང་། སྐབས་དེར་ནག་ཉེས་ཁུངས་སྐྱེལ་མ་ཐུབ་པར་བརྟེན་ཁོང་གློད་གྲོལ་ཐོབ་ཡོད་ཀྱང་། དེའི་རྗེས་བོང་སྟག་མི་དམངས་ཀྱིས་མིང་རྟགས་བསྡུ་རུབ་བྱས་ནས་བོང་སྟག་དགོན་པའི་མཁས་གྲུབ་སོགས་གྲྭ་པ་བརྒྱད་འཛིན་བཟུང་བྱས་པ་རྣམས། གློད་གྲོལ་གཏོང་དགོས་ཚུལ་གོང་རིམ་ལ་ཞུ་གཏུགས་བྱས་ཡོད་འདུག འོན་ཀྱང་ས་གནས་ཉེན་རྟོག་ལས་ཁང་གིས། དམ་ཆོས་ལས་འགུལ་དེ་སྐུལ་སློང་བྱེད་མཁན་ཡིན་པའི་ནག་ཉེས་བཙུགས་ནས་ཡང་བསྐྱར་འཛིན་བཟུང་བྱས་འདུག དམ་ཆོས་ལ་བཟའ་ཟླ་དང་བུ་ཕྲུག་ལོ་གཉིས་དང་ལོ་ལྔ་ཅན་པ་གཉིས་དང། ལོ་ན་བརྒྱད་བཅུར་སོན་པའི་ཕ་ཧྲི་དར་བཅས་ནང་དུ་ལྷག་ཡོད་འདུག གནས་ཚུལ་ཡོང་ཁོངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།