སློབ་ཕྲུག་ཅིག་གིས་དངུལ་ཁུག་སྟོང་པ་བཟོས་ནས་དེབ་ཉོས་པ་མཐོང་བའི་ཚོར་སྣང་།

ང་ནི་དུས་ཆེན་དང་མི་འབོར་འཛོམས་ཆེ་ཤོས་ཀྱི་སྐབས་གསར་ཤོག་དང་དེབ་ཚོང་འགྲེམས་བྱེད་པར་གོམས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་ལ། ལས་དོན་དེར་ཉམས་མྱོང་བསགས་ནས་ཕལ་ཆེར་ལོ་༡༠ ཙམ་འགྲོ་གི་འདུག དེའི་རིང་ཚོར་བ་འདྲ་མིན་མང་པོ་བྱུང་ཡང་། དམིགས་བསལ་གྱི་ཚོར་སྣང་ཞིག་ཁ་སང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བྱུང་སོང་། དེ་ནི་དྷ་སྟེང་བོད་ཁྱིམ་སློབ་ཕྲུག་ཅིག་གིས་དངུལ་ཁུག་སྟོང་པ་བཟོས་ནས་དེབ་གཅིག་དང་གསར་ཤོག་གཅིག་ཉོས་སོང་བ་དེ་ཡིན། ཅིག་བྱས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་དེབ་ཀློག་པའི་གོམས་གཤིས་སྤྱི་ཡོངས་དང་བསྡུར་ནས་སེམས་ཚོར་དེ་ཡོང་བ་ཞིག་ཀྱང་ཡིན་ངེས།

ཕྱི་ལོ་༢༠༡༢ ཟླ་༧ ཚེས་༦ ཉིན་གྱི་ཞོགས་པ་ལྡི་ལི་ནས་བསྐུར་བའི་འདི་ཀའི་དུས་དེབ་གསར་པ་<<ཁ་བ་དཀར་པོ་>>དྷ་སྟེང་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ལེན་པར་སོང། ང་དང་ཁ་ལོ་བ་དོན་གྲུབ་རྒྱལ་མཚན་རླངས་འཁོར་འབབ་ཚུགས་སུ་སླེབས་དུས་ཏག་ཏག་ང་ཚོའི་དུས་དེབ་སྐུར་སའི་མོ་ཊ་དེ་ཡང་སླེབས་འདུག་ལ། ས་གནས་དེར་མི་ཚོགས་ཡང་ཉུང་དུ་ཕྱིན་འདུག རླངས་འཁོར་འབབ་ཚུགས་ཀྱི་ཇ་འཚོང་མཁན་དེ་ཚོས་ཀྱང་མགྲོན་པོ་མེད་པའི་གོ་སྐབས་དང་བསྟུན་ངལ་གསོ་བྱས་ནས་བསྡད་འདུག  དུས་དེབ་དེ་བླངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཕྱི་སྒོའི་སུམ་མདོ་རུ་སླེབས་དུས་ཆུ་ཚོད་༧།༣༠ ཙམ་ལ་སླེབས་འདུག  ང་ཚོའི་ལས་བྱེད་པ་ཁག་ཅིག་གིས་དེར་སྔ་ས་ནས་འབྱོར་ཏེ་ས་བཟུང་ནས་ཆེད་གཉེར་གྱི་གུར་ཆུང་དེ་ཕིབས་འདུག་པ་དང་། དུས་དེབ་དང་གསར་ཤོག་སོགས་ཚོང་འགྲེམས་ཀྱི་འགོ་ཡང་བཙུགས་ཟིན་འདུག

 

ངས་ཀྱང་དུས་རྒྱུན་ཁ་ལ་གོམས་བྱང་དུ་གྱུར་པའི་འབོད་ཚིག་“དེབ་གཟིགས། ཚགས་པར་གཟིགས།” ཞེས་སྐད་གང་ཡོད་རྒྱག་བཞིན་ལམ་ཟུར་དུ་ལངས་ནས་དེབ་དང་གསར་ཤོག་འཚོང་འགོ་བཙུགས་པ་ཡིན། ཐོག་མ་ང་དེར་སླེབས་དུས་མི་ཚོགས་ཀྱི་འཚང་ཀ་དེ་ཙམ་མེད་ཀྱང། དེབ་ལ་དོ་སྣང་བྱེད་མཁན་དང་ཉོ་མཁན་ཡང་གང་འཚམས་རེ་ཡོང་གི་འདུག ཉིན་འདིར་བོད་པ་ཚོས་གྱོན་ཆས་གསར་པ་རེ་གྱོན་འདུག་པ་དང་། སེམས་ལ་དགའ་བའི་ཚོར་སྣང་ཡང་རང་བཞིན་གྱིས་གདོང་ལ་མངོན་འདུག ང་ཚོའི་ཉེ་འགྲམ་དུ་དེབ་འཚོང་མཁན་དང་། གཞས་ཀྱི་འཁོར་ཐག་གསར་པ་འཚོང་མཁན། ཡིག་ཆ་རིན་མེད་འགྲེམས་སྤེལ་བྱེད་མཁན་སོགས་ཀྱང་མང་པོ་འདུག དེ་བཞིན་སྒོའི་གཡས་གཡོན་དུ་དུས་རྒྱུན་བག་ལེབ་དང་མོག་མོག་བཙོང་མཁན་ཚོ་ལས་ཀྱང་། ཉིན་འདིར་སྟབས་བདེའི་ཁ་ལག་བཙོང་མཁན་མང་པོ་མཐོང་རྒྱུ་འདུག

 

ང་ནི་དུས་རྒྱུན་གསར་ཤོག་ཚོང་འགྲེམས་བྱེད་པར་དཀའ་སྣང་གང་ཡང་མེད་ལ། ང་ཚོའི་གསར་ཁང་གི་ལས་བྱེད་རྣམས་ཀྱང་ང་དང་གཅིག་མཚུངས་བཞིན་དཀའ་ལས་རྒྱག་ཐུབ་མཁན་རྐྱང་རྐྱང་ཡིན། ལོ་ངོ་༡༠ རིང་གསར་ཤོག་དང་དེབ་སོགས་བཙོང་བའི་སྐབས་ཁ་རྡུང་གཏོང་མཁན་དང། མཐོང་ཆུང་བྱེད་མཁན་མང་པོ་ཐུག་མྱོང་ལ། བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་ཁ་གཡང་སྒྲོག་མཁན་ནི་དེ་བས་ཀྱང་མང་བ་ཐུག་མྱོང་། དེ་གཉིས་ཀ་ང་ཚོའི་སེམས་ངོར་བཏང་སྙོམས་ལྟ་བུ་ལས་ཚོར་སྣང་དམིགས་བསལ་གང་ཡང་ཡོང་གི་མི་འདུག ཁ་ཤས་ཀྱིས་སྤྱི་འཐུས་ཤིག་གིས་གསར་ཤོག་བཙོང་ན་མཚན་ཤས་རེད་ཟེར་མཁན་དང་། ཁ་ཤས་ཀྱིས་ཟ་རྒྱུ་རིག་ན་ཤི་རྒྱུ་བརྗེད་འདུག་ཟེར་མཁན་ཡང་ཐུག་མྱོང་། འདི་དག་ཚང་མ་ལས་དོན་འདི་ལ་བལྟ་སྟངས་མི་འདྲ་བ་ཙམ་ལས་དམིགས་བསལ་ང་ལ་གནག་གནག་བྱས་པ་ཞིག་ལ་ངོས་འཛིན་གཏན་ནས་བྱེད་མྱོང་མེད། ཁ་ཤས་ཀྱིས་རྩོམ་ཡིག་བྲིས་ནས་བསྔགས་བརྗོད་ལྟ་བུ་བྱེད་མཁན་ཡང་བྱུང་སོང་མོད། དེ་ཚོ་ངས་གསར་ཤོག་ཚོང་འགྲེམས་ཆེད་འབད་བརྩོན་བྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་བ་གཏན་ནས་མེད།

 

ང་དང་ང་ཚོའི་གསར་ཁང་གིས་དུས་རྒྱུན་གསར་ཤོག་ཚོང་འགྲེམས་ཀྱི་ཕྱོགས་ལ་དཀའ་ལས་མང་པོ་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གསར་འགྱུར་འབྲི་བ་གལ་ཆེན་པོ་ཡིན་པ་བཞིན། ཀློག་མཁན་དེ་བས་ཀྱང་གལ་ཆེན་པོ་རེད། གལ་སྲིད་ཀློག་མཁན་མེད་ན་གསར་འགྱུར་ག་ཚོད་བྲིས་ཀྱང་ཕན་ཐོགས་གང་ཡང་མེད་ལ། གསར་ཤོག་ཚོང་འགྲེམས་ཀྱི་ཕྱོགས་ལ་ཤུགས་སྣོན་མ་བརྒྱབ་པར་གསར་ཤོག་འབྲི་རྒྱུ་གཅིག་པུར་དོ་སྣང་བྱས་ན། དེ་ནི་ཟ་མཁན་མེད་པའི་ཁ་ལག་དང་གཅིག་པ་ཡིན་པས་ཕན་ཐོགས་མེད་པ་དང། གསར་འགྱུར་ལ་དོ་སྣང་དགོས་པ་བཞིན་ཀློག་མཁན་ལ་དོ་སྣང་དེ་བས་ཆེ་བ་དགོས་པ་འདི་རྩ་བའི་རྩ་དོན་གཅིག་ཡིན།

 

ད་དུང་མི་འབོར་ཆེས་མང་བའི་སྐབས་གསར་ཤོག་ཚོང་འགྲེམས་ཀྱི་ཕྱོགས་ལ་ཤུགས་མང་པོ་རྒྱག་ཐུབ་ན། གསར་ཤོག་དེ་ཀློག་མྱོང་ཡོད་པ་དང། མཐོང་མྱོང་ཡོད་པ། གོ་མྱོང་ཡོད་པ་སོགས་ཀྱི་སེམས་ལ་གསར་ཤོག་དེ་ལྷང་ངེར་གསལ་བ་ཞིག་བྱེད་ཐུབ་པ་མ་ཟད། གོ་ཐོས་གང་ཡང་མེད་མཁན་དག་གི་སེམས་ལའང་བག་ཆགས་གསར་པ་རེ་འཇོག་ཐུབ། དེ་བཞིན་གསར་ཤོག་དེའི་རྒྱབ་ན་དོ་སྣང་དང་ཧུར་བརྩོན་ཅན་གྱི་ལས་བྱེད་པའི་དཔུང་ཁག་ངར་མ་ཞིག་ཡོད་པའང་གསལ་པོ་མཐོང་ཐུབ་པས། གསར་ཤོག་ཅིག་ལ་མཚོན་ན་སྤྱི་ཚོགས་ནང་གཞི་རྩ་བརྟན་པོ་ཞིག་འཛུགས་དགོས་པ་ཡིན་དུས། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་ཐབས་ལམ་འདི་ལས་ལྷག་ཅིག་མེད་པའང་ཧ་ཅང་གསལ་པོ་རེད།

 

བོད་ཀྱི་བང་ཆེན་གསར་ཤོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་བཀྲ་ཤིས་བདེ་ལེགས་དང་། ཐུབ་བསྟན་བཀྲ་ཤིས། སྔོན་མའི་གསར་འགོད་པ་སེལ་ཤུལ་དགོན་མཆོག་བཅས་ལ་མཚོན་ན་གསར་འགྱུར་འགོད་རྒྱུ་དང་། གསར་ཤོག་བཙོང་རྒྱུ་གཉིས་ཀར་དཀའ་ལས་རྒྱག་དགོས་པ་དང་། གསར་འགྱུར་འགོད་རྒྱུ་ལས་ཀྱང་། གསར་ཤོག་བཙོང་རྒྱུར་ཉིན་མཚན་གཉིས་ཀར་དཀའ་ལས་མང་བ་རྒྱག་དགོས་ཀྱི་ཡོད། དེ་བཞིན་དྷ་རམ་ས་ལར་མཚོན་ནའང་བདུན་ཕྲག་རེ་རེ་བཞིན་གསར་ཤོག་ཚོང་ཁང་དུ་བཅོལ་བ་གཅིག་པུ་མ་ཡིན་པར་ལས་བྱེད་པ་དངོས་སུ་སོང་ནས་མ་བཙོང་བའི་དུས་ཚོག་ཅིག་གཏན་ནས་མེད། རྒྱ་གར་ལྷོ་ཕྱོགས་ལ་མཚོན་ནའང་བོད་ཀྱི་བང་ཆེན་འགོ་བཙུགས་ནས་ལོ་༡༠ མ་ཟིན་ཙམ་གྱི་རིང་ལ་ཐེངས་གཅིག་ཀྱང་ཚོང་འགྲེམས་བྱེད་རྒྱུ་ཆད་མྱོང་མེད་ཅེས་བརྗོད་ཆོག་པ་ཞིག་ཡིན། འདི་ལྟར་བྱེད་དགོས་དོན་ཡང་། ཐེངས་མ་རེ་ཟུང་ཞིག་ཆད་སོང་ན་རིམ་པས་དོ་སྣང་བརླག་ངེས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན།

 

ལོ་འདིའི་རྡོར་གདན་དུས་དབང་སྐབས་གསར་ཤོག་ཉིན་གཉིས་རེའི་ནང་བཏོན་པའི་སྐབས་ས་གནས་སུ་གློག་ཡག་པོ་གཏན་ནས་མེད་པས། དུས་ཐོག་འདོན་རྒྱུར་དཀའ་ངལ་ཆེན་པོ་འཕྲད་སོང་ལ། གསར་ཤོག་སྒྲིག་པའི་དགོང་མོ་རྣམས་སུ་འབྲེལ་ཡོད་ལས་བྱེད་རྣམས་གཏན་ནས་ཉལ་མྱོང་མེད་ཅེས་བརྗོད་ཀྱང་ཆོག དེ་ལྟར་མ་བྱས་ན་དུས་ཐོག་འདོན་མི་ཐུབ་པ་དང། འདོན་ཐུབ་ནའང་ཚོང་འགྲེམས་བྱེད་དགོས་པས་སོས་དལ་ངལ་གསོ་ཞིག་གཏན་ནས་ཡོང་མ་སོང་ལ། ང་ཚོ་ནང་མི་ལས་བྱེད་ཚང་མ་མཉམ་འཛོམས་ཀྱི་འདྲ་པར་ཞིག་རྒྱག་རྒྱུའི་དུས་ཚོད་ཀྱང་མ་བྱུང་། འོན་ཀྱང་ཉིན་གཉིས་རེའི་ནང་འདོན་རྒྱུའི་གསལ་བསྒྲགས་བྱས་ཟིན་པས་མཚམས་གཏན་ནས་བཞག་མེད།

 

ནམ་རྒྱུན་གསར་ཤོག་འཚོང་དུ་འགྲོ་བའི་སྐབས་སུ་སེམས་ཤུགས་འཕར་མ་རེ་སྐྱེ་ཡོང་བ་ཞིག་ནི། ལས་བྱེད་ཚང་མས་ཧུར་བརྩོན་རང་བཞིན་འདི་ཡིན་ལ། གསར་འགྱུར་གྱི་ལས་དོན་བྱེད་མཁན་ཚོས་ཀྱང་སྐབས་བབ་ཀྱི་གསར་འགྱུར་ལ་འཐུས་ཤོར་མ་བཏང་བ་དང་། གཞན་པས་གསར་ཤོག་དང་དེབ་སོགས་འཚོང་རྒྱུར་སྐུལ་འདེད་མི་དགོས་པར་ཤུགས་བརྒྱབ་པ་འདི་མཐོང་དུས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གསར་ཤོག་ཡག་ཤོས་དང་། རིག་གཞུང་སྲི་ཞུ་ཁང་ཡག་ཤོས་ཡིན་ཞེས་གཏན་ནས་བརྗོད་མི་ཕོད་ཀྱང་། ཚོང་འགྲེམས་ཀྱི་ཐོག་ལ་འབད་བརྩོན་ཆེ་ཤོས་བྱེད་མཁན་ཡིན་པ་ངོ་གཏན་ནས་གནོངས་མི་དགོས་པར་བརྗོད་རྒྱུའི་སྤོབས་པ་ཡོད། དེ་ཡང་ ལོ་ངོ་བཅུའི་རིང་གི་སྔ་རྗེས་ཀྱི་ལས་བྱེད་ཚོའི་མཐུན་སྒྲིལ་དང་ཧུར་བརྩོན་རང་བཞིན་ལ་བརྟེན་ནས་བྱུང་བ་རེད།

 

ངས་སྒྲུང་མང་པོ་ཞིག་བྲིས་ནས་དེ་རིང་གི་བརྗོད་གཞི་བརླག་གྲབས་བྱེད་ཀྱི་འདུག ཆུ་ཚོད་དགུའི་ཐོག་ང་འཁྲུངས་སྐར་མཛད་སྒོ་ལ་མ་བཅར་ཐབས་མེད་ཡིན་པས་མཛད་སྒོའི་ཐོག་སོང་བ་དང། ལས་བྱེད་རྣམས་ཀྱིས་གསར་ཤོག་དང་དུས་དེབ་སོགས་མུ་མཐུད་འཚོང་བཞིན་ཡོད། མཛད་སྒོ་འདིར་དམིགས་བསལ་ཞིག་ལ་༧གོང་ས་མཆོག་ཆིབས་བསྒྱུར་གནང་འདུག་པ་ལས། གཞན་ནམ་རྒྱུན་དང་གཅིག་པ་ལྟ་བུ་རེད་འདུག མཛད་སྒོའི་གསུང་བཤད་ཁག་གྲུབ་རྗེས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང་ལ། བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་གྱི་འགོ་བཙུགས་སོང་། འཁྲབ་སྟོན་ནི་ནམ་རྒྱུན་དང་གཅིག་པ་ལས་གསར་པ་ཞིག་གང་ཡང་མེད་པས། ང་མཛད་སྒོ་ལས་ཐོན་ནས་སུམ་མདོའི་དེབ་འཚོང་ས་རུ་ཡོང་བ་ཡིན།

 

ལས་བྱེད་ཚོའི་མུ་མཐུད་འཚོང་བཞིན་འདུག་ལ། དེབ་དང་གསར་ཤོག་ཀྱང་མི་མང་གི་ངོས་ནས་དོ་སྣང་ཆེན་པོའི་ཐོག་ནས་ཉོ་བཞིན་འདུག ངས་ཀྱང་སྔར་བཞིན་ལམ་ཟུར་དུ་སྐད་བརྒྱབ་ནས་དེབ་བཙོང་བར་ངའི་བུ་མོ་ཆེ་བ་བསྟན་འཛིན་དཔལ་སྐྱིད་ཀྱིས་ང་ལ་བལྟས་ནས་གད་མོ་ཤོར་ཏེ། “པ་ལགས་སྐད་དེ་འདྲ་རྒྱག་དགོས་པ་རེད་པས།” ཞེས་དྲིས་སོང་། རེད་ཅེས་པ་ཙམ་ལས་དེ་ལ་དོ་སྣང་དང་ཡ་ལན་བྱེད་ཁོམ་མ་བྱུང་བར་“སྐུ་ཞབས་ལགས། ཨ་ཅག་ལགས། བུ་མོ་ལགས། ཕོ་སར་ལགས་དེབ་གཟིགས།” ཞེས་སྐད་བརྒྱབ་ནས་དེབ་བཙོང་པ་ཡིན། དོ་སྣང་བྱེད་མཁན་དང་ཉོ་མཁན་མང་པོ་འདུག་ལ། ཁ་རྡུང་གཏོང་མཁན་དང་། སྐད་ཆ་མི་སྙན་པ་ཤོད་མཁན་ཉིན་འདིར་གཅིག་ཀྱང་མི་འདུག

 

ང་ཚོའི་དེབ་དང་གསར་ཤོག་ཚོང་འགྲེམས་བྱེད་སའི་གཡས་གཡོན་དུ་གསར་ཤོག་ཉི་ཚེ་བ་དེ་ཚོ་བཙོང་མཁན་མང་པོ་ཞེ་དྲག་འདུག་ལ། དྷ་སར་མཚོན་ན་མཛད་སྒོ་ཆེན་པོ་རེ་ཚུགས་དུས་གསར་ཤོག་གསར་པ་རེ་གཉིས་རེ་ཡོད་པ་དང་། དེའི་རྗེས་སུ་གསར་ཤོག་དེ་ཚོ་ཡང་མཐོང་ཡུལ་དུ་ཡོད་པ་མ་རེད། འདི་ཡང་མི་ལོ་༡༠ མ་ཟིན་ཙམ་གྱི་ཉམས་མྱོང་ཐོག་ནས་བཤད་ན་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད། ངས་དེབ་འཚོང་བཞིན་པའི་སྐབས་ངོ་ཤེས་གསར་འགོད་པ་ཞིག་སླེབས་སོང་། དུས་དེབ་གཟིགས། དུས་དེབ་ཆ་ཚང་ཚོན་ཁྲ་ཅན་ཡིན་ཞེས་བརྗོད་པ་ཡིན། ཁོང་གིས་དེབ་གཅིག་ཉོ་བཞིན་ཁྱེད་ཚོ་ལ་སྒོར་མོ་དཔེ་མང་པོ་ཡོད་ས་རེད་ཅེས་ང་ལ་བརྗོད་སོང། ངས་ཀྱང་ཀུ་རེ་དང་སྦྲགས། དེ་སྒོར་མོ་ཡོད་མེད་དང་འབྲེལ་བ་ཡོད་པ་མ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཚོན་ལྡན་དུས་དེབ་ཅིག་དགོས་དང་མི་དགོས་ལ་རག་ལས་ཡོད་པ་རེད། དེར་བརྟེན་སྒོར་མོ་ཡོད་མེད་ལ་མ་ལྟོས་པར་ཤུགས་བརྒྱབ་ནས་མཚམས་མ་ཆད་པ་ཞིག་བྱེད་འཆར་ཡོད་ཅེས། ཤར་མར་ལན་དེ་དག་བརྗོད།

 

དེ་ཙམ་ལ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་མང་པོ་ཞིག་སླེབས་སོང་ལ། ཕྲུ་གུ་མང་ཆེ་བས་དོ་སྣང་གཏན་ནས་མི་གནང་བར་ཤར་རེར་སོང་ཡང་། ཕྲུ་གུ་གཟུགས་རིང་པོ། ཕལ་ཆེར་ལོ་བཅོ་ལྔ་བཅུ་དྲུག་ཅིག་མིན་འགྲོ་བསམ་པ། ཤ་རྩ་ཅུང་ནག་པ་ཞིག་གིས་ངའི་ཉེ་འགྲམ་དེ་ནས་གསར་ཤོག་ཅིག་ཉོས་སོང་། ཁོང་གིས་དངུལ་ཁུག་རྙིང་པ་སྲབ་སྲབ་ཅིག་བཏོན་པའི་ནང་དུ་སྒོར་མོ་༦༠ ཁོ་ན་འདུག ངས་ཀྱང་ཆེད་དུ་བལྟས་པ་མིན་ཡང། ཁོང་གིས་མི་དེར་གསར་རིན་སྤྲད་དུས་རང་བཞིན་གྱིས་མཐོང་སོང་། དེ་ནས་ཁོང་ངའི་འགྲམ་དུ་སླེབས་ནས་དེབ་ལ་ག་ཚོད་རེད་ཅེས་དྲིས་སོང་། སྒོར་༥༠ ཡིན་ཞེས་ལན་བཏབ་པར་ཚམ་ཚོམ་མེད་པར་དངུལ་ཁུག་ནང་གི་སྒོར་མོ་༥༠ དེ་བླངས་ནས་དུས་དེབ་གཅིག་ཉོས་སོང། ཁོའི་དངུལ་ཁུག་གཞན་ཧིན་སྒོར་༥ ལས་ལྷག་མི་འདུག ང་ལ་སེམས་འགུལ་ཐེབས་ནས་དེབ་གཞན་ཞིག་རིན་མེད་ཀྱིས་སྤྲད་པ་ཡིན། ཉིན་འདིར་དུས་དེབ་རིན་མེད་དུ་མི་སྤྲད་རྒྱུ་བྱས་ཡོད་མ་གཏོགས་ངས་ཁོང་ལ་གཅིག་སྤྲད་ངེས་རེད། ཁོང་དགའ་སྣང་དང་བཅས་ཕྱིན་སོང། དངོས་གནས་དེབ་ཀློག་རྒྱུ་ལ་དོ་སྣང་ཡོད་མཁན་ཞིག་དང་། དེབ་ཀློག་རྒྱུ་ཡོད་ན་དེ་ལས་གང་ཡང་མི་དགོས་པའི་སློབ་མ་ཞིག་ཡིན་པ་འདྲ། ང་ལ་མཚོན་ན་ལོ་ངོ་༡༠ རིང་ཚགས་དེབ་བཙོང་པའི་ཉམས་མྱོང་ཐོག་ནས་ཚོར་སྣང་ཟབ་ཤོས་དེ་སྐབས་འདིར་བྱུང་སོང་།

 

སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེབ་ཀློག་མཁན་ཧ་ཅང་ཉུང་བ་དང་། ལྷག་པར་བོད་ཡིག་གི་དེབ་ཀློག་མཁན་དེ་བས་ཀྱང་ཉུང། དེ་ནི་ཕྱོགས་གཅིག་ནས་དཔལ་འབྱོར་ཁོ་ན་ལས་ཤེས་ཡོན་ལ་དོ་སྣང་ཆུང་དྲགས་པས་ཡིན་པ་དང། ཕྱོགས་གཅིག་ནས་རྩོམ་པོ་ཅུང་ཚད་ལྡན་རྣམས་ཀྱིས་དེབ་འབྲི་བའི་སྐབས་ཀློག་མཁན་ལ་བསམ་བློ་མ་བཏང་བར་བྲིས་པ་མང་བས་ཀློག་མཁན་དཀྱུས་མ་ཞིག་གིས་གོ་མི་ཐུབ་པ་དང་། བཙན་བྱོལ་ནང་ཁྱིའི་མཇུག་མ་ལ་འདོགས་འོས་པའི་དེབ་ཐེབས་ཆག་མང་པོ་ཞིག་ཀྱང་ཐོན་བཞིན་ཡོད་པས། བོད་ཡིག་གི་དེབ་ལ་མཐོང་དང་ཆ་འཇོག་གང་ཡང་མེད་ལ། དེབ་ཡག་པོ་ཡིན་ཡང་དོ་སྣང་བྱེད་མཁན་ནི་གཙོ་བོ་དགོན་པ་གྲྭ་ཚང་ཁག་གི་དགེ་འདུན་པ་ཁོ་ན་ཙམ་རེད་ཅེས་བརྗོད་ཀྱང་ཆོག

 

སྐབས་འདིར་ཕྱིར་དྲན་བྱེད་འོས་པ་ཞིག་ལ། འདི་ནས་པར་སྐྲུན་བྱས་པའི་དེབ་<<ནགས་ཚང་ཞི་ལུའི་སྐྱིད་སྡུག་>>དང་། <<བཙན་བྱོལ་ནང་གི་མང་གཙོ།>> <<གསར་བྱུང་རྒྱུན་བཀོལ་མིང་མཛོད།>> སོགས་སྤྱི་ཚོགས་ནང་ཚོང་འགྲེམས་ཐད་ནས་གང་འཚམས་རྒྱུག་པོ་ཡོད་ཀྱང་། བོད་མི་རིགས་ཀྱི་སོན་རྩར་གྱུར་པའི་སློབ་ཕྲུག་རྣམས་ཀྱི་ལག་ཏུ་དེབ་དེ་དག་འགྲོ་རྒྱུ་ཧ་ཅང་དཀོན་པས། ང་ཚོའི་འབྲེལ་ཡོད་ལས་བྱེད་རྣམས་ཚང་འཛོམས་ཐོག་ཐག་གཅོད་བྱས་ནས། གོང་གསལ་དེབ་དེ་དག་ལས་༡༠༠ རེ་ཤེས་རིག་ལས་ཁུངས་བརྒྱུད་བོད་ཀྱི་སློབ་གྲྭ་ཁག་ལ་རིན་མེད་སྤྲོད་རྒྱུ་བྱས་པ་ཡིན། ཤེས་རིག་ལས་ཁུངས་བརྒྱུད་དགོས་པ་དེ་ཡང་སྦྲག་གླའི་ཐོག་ནས་དཀའ་ངལ་ཡོད་པ་མ་ཡིན་པར། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་སོ་སོར་བཏང་སོང་ན། དོ་སྣང་དམིགས་བསལ་ཞིག་ཡོང་བའི་རེ་བ་བརྒྱབ་པ་ཡིན།

 

དེར་བརྟེན་ཐག་གཅོད་གཞིར་བཟུང་ཕྱི་ལོ་༢༠༡༡ ལོའི་ལོ་སྟོད་ཙམ་ལ་ཕྲན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱི་ཡིག་ཚང་དུ་བཅར་ནས། གོང་གསལ་ཐག་གཅོད་བྱུང་བའི་དེབ་དེ་རེ་རེ་མཉམ་འཁྱེར་གྱིས་ཤེས་རིག་བཀའ་བློན་ལ་ཕུལ་བ་དང་། གོང་དུ་ཐག་བཅད་པ་བཞིན་དེའི་སྐོར་ཆ་ཚང་ཞིག་ཞུས་པ་ཡིན། ཁོང་གིས་ཚིག་འཇམ་པོ་དང་རྣམ་འགྱུར་ཧ་ཅང་ཡག་པོ་ཞིག་གི་ཐོག་ནས་སློབ་གྲྭ་ཚོ་ལ་བཤད་ཆོག་གི་རེད། ཅིག་བྱས་ན་ཁོང་ཚོས་ལེན་རོགས་བྱས་མི་ཡོང་ངམ། ཞེས་དང། ད་དུང་དེབ་དེ་ཚོ་འདི་གར་སྐྱེལ་དུས་ཚང་མ་མཉམ་དུ་བསྣམ་མ་ཡོང་མ་གཏོགས། བཞག་ས་རག་གི་མ་རེད་ཅེས་གསུངས་སོང་། ངའི་སེམས་ལ་དེ་དག་ལེན་རོགས་བྱེད་དང་མི་བྱེད་ཀྱི་དཀའ་ངལ་ཡོད་པ་ཞིག་མ་ཡིན་པ་དང་། འཇོག་ས་རག་མི་རག་གི་ཐོག་ནས་ཕུལ་བ་ཞིག་མིན་པ་མ་ཟད། བཙོང་ས་མ་རག་པར་ཕུལ་བ་ཞིག་དེ་བས་ཀྱང་མིན། ཤེས་རིག་བཀའ་བློན་ལ་ངས་སྐབས་དེར་དམིགས་བསལ་གང་ཡང་ཞུས་མེད་ཀྱང་ཁོང་གི་དགོངས་པ་བཞེས་སྟངས་ལ་བསམ་བློ་བཏང་ན། ང་ཚོའི་དེབ་དེ་དག་མ་ཚོང་པ་མ་ཟད། བཞག་ས་ཡང་མ་རག་པར་ཕུལ་བ་ལྟ་བུར་གྱུར་འདུག་པས། རྗེས་སུ་དེབ་གཅིག་ཀྱང་ཕུལ་མེད། དེ་ནི་ཆེ་ས་ནས་བོད་ཡིག་གི་དེབ་ལ་འཛིན་པའི་རྣམ་འགྱུར་རེད་ལ། དེ་ཡང་སྤྱི་ཚོགས་ཀྱིས་སྤྲད་པའི་གནོན་ཤུགས་ཀྱང་ཡིན་སྲིད།

 

གང་ལྟར་དེ་རིང་ངས་འདིར་ཉག་ཉོག་མང་པོ་ཞིག་ཆགས་སོང་ཡང་། གཙོ་བོ་བོད་ཁྱིམ་གྱི་སློབ་ཕྲུག་དེས་དངུལ་ཁུག་སྟོང་པ་བཟོས་ནས་དེབ་ཉོས་སོང་བ་མཐོང་དུས་ང་ལ་སེམས་འགུལ་ཚད་མེད་ཐེབས་སོང་བ་དེ་ཡིན། ཉིན་འདིར་དུས་དེབ་ཁ་བ་དཀར་པོ་༡༦༠ མ་ཟིན་ཙམ་ཞིག་བཙོང་ཡང་། རིན་གོང་ཐོག་ནས་པར་སྐྲུན་གཅིག་པུའི་མ་གནས་དང་ཐག་ཉེ་ཙམ་ཡང་རག་ཡོད་པ་མ་རེད། བཙན་བྱོལ་ནང་བོད་ཡིག་གི་དེབ་བཏོན་པ་དེ་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་མིན་པ་སུས་ཀྱང་ཤེས་མོད། གང་ལྟར་བཙན་བྱོལ་ནང་ཚོན་ལྡན་དུས་དེབ་མེད་པའི་སྟོང་ཆ་དེ་འགེངས་ཐུབ་ཆེད་དེབ་འདི་ཉིད་འདོན་འགྲེམས་བྱས་པ་ཡིན།

རྗེས་མ་མཇལ་ཡོང་། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༢ ཟླ་༧ ཚེས་༧ ཉིན་བྲིས།