དཀར་མཛེས་ནས་བོད་མི་ཞིག་འཛིན་བཟུང་།
ཟླ་འདིའི་ཚེས་༤ ཉིན་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་གཞོན་སྐྱེས་ཤིག་གི་རྒྱ་གཞུང་ལ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་ཟླ་ཚེས་༧ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༡ ཡས་མས་སུ་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༢༢ ཡིན་པའི་སྐལ་བཟང་བསྟན་འཛིན་ཞེས་པའི་བོད་མི་གཞོན་སྐྱེས་ཤིག་གིས། “༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ཆོལ་གསུམ་གྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་” ཞེས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བྱས་པར་བརྟེན།་རྒྱ་གཞུང་གི་རྫོང་ཉེན་རྟོག་པ་དང་དྲག་ཆས་དམག་མིས་ཁོང་ལ་ཉེས་རྡུང་བཏང་སྟེ་རྫོང་ཐོག་ཏུ་བཀག་ཉར་བྱས་པ་དང་། ད་ལྟ་འབྲེལ་ཡོད་ནང་མི་ཚོས་ཁོང་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་མ་ཤེས་པར་ལྷག་འདུག
སྐལ་བཟང་བསྟན་འཛིན་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མཐིང་ཁ་ཞང་ཀེ་ཐོག་གྲོང་ཚོའི་ཕ་བློ་བཟང་རྒྱལ་མཚན་དང་མ་བཀྲ་ཤིས་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟའི་བར་སློབ་གྲྭར་འགྲོ་མྱོང་མེད་ཀྱང་། ལྷ་བྲིས་པ་ཞིག་ཡིན་འདུག
ཉེ་ལམ་ངོ་རྒོལ་གྱི་གནས་ཚུལ་བྱུང་མ་ཐག་རྒྱ་ནག་གཞུང་གིས་དཀར་མཛེས་རྫོང་གི་ས་གནས་ཡོངས་སུ་དྲག་ཆས་དམག་མི་དང་ཉེན་རྟོག་པ། བདེ་འཇགས་ཉེན་རྟོག་པ་བཅས་འགྲེམས་འཇོག་གིས་དམ་དྲག་དང་། ས་གནས་ཀྱི་རྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱས་ཡོད་པ་མ་ཟད། སྐལ་བཟང་བསྟན་འཛིན་གྱི་མིར་ཁོང་ལ་ཐུག་འཕྲད་བྱེད་པ་བཀག་འགོག་བྱས་ཡོད་འདུག །