ཡུལ་སྐད་སྤྱི་སྐད་དཔྱད་སྟངས་ཀྱོག་ཀྱོག་རེད།

<<ཁ་བ་དཀར་པོ་>>ཞེས་པའི་དུས་དེབ་འདོན་ཐེངས་དང་པོའི་ནང་། རྡོ་རྗེ་དབང་ཕྱུག་ལགས་ནས་ “ཡུལ་སྐད་དང་ཡིག་སྐད་གླེང་བ་”ཞེས་པའི་བོད་ཀྱི་སྐད་ཡིག་སྐོར་ལ་དཔྱད་བརྗོད་ཅིག་སྤེལ་འདུག་ལ། རྩོམ་ཡིག་དེ་ལྷོད་ཀྱིས་ཀློག་དུས། ཚིག་གིས་མཚོན་སྟངས། དོན་གྱི་བཀྲལ་སྟངས་བཅས་གང་ཐད་ནས་སེམས་འགུལ་ཐེབས་པོ་བྱུང་། དེ་བཞིན་གནད་དོན་མང་པོ་ཞིག་ལའང་ནམ་རྒྱུན་རང་གི་བསམ་ཚུལ་དང་ཧ་ཅང་མཐུན་པོ་བྱུང་།

དཔེར་ན། ཁོང་གིས་“ཡི་གེ་དེ་ཨ་མདོ་བས་བཀླགས་ན་ཁམས་པས་མི་གོ་བ་དང༌། ཁམས་པས་བཀླགས་ན་དབུས་པས་མི་གོ་བ། དབུས་པས་བཀླགས་ན་ཨ་མདོ་བས་མི་གོ་བ་ཡོང་གི་ཡོད་པ་ནི་ད་ལྟའི་མངོན་སུམ་གནས་སྟངས་རེད། འདིས་ཅི་སྟོན་ཅེ་ན། ཡིག་སྐད་དེ་ཡུལ་སྐད་དུ་ཀློག་ཐལ་གྱིས་དང་དེ་བཞིན་བཤད་ཐལ་གྱིས་ཕན་ཚུན་བར་སྐད་ཆ་ཉན་བཤད་ཀྱི་ལམ་ནས་བརྡ་འཕྲོད་ཀྱིན་མེད་པའི་དཀའ་ངལ་བྱུང་བ་དེ་རེད། དོན་འདིས། སྤྱིའི་ཆ་ནས་སམ། རགས་པའི་ཚུལ་དུ་བྱས་པས། ཡུལ་སྐད་དང་ཡིག་སྐད་ནི་ཀློག་གདངས་ཀྱི་ཁྱད་པར་ཞིག་ཡིན་པ་མཐོང་ཐུབ་པ་ཡིན།”ཅེས་དང་།

ཡང་ཁོང་གིས་ “ལྷ་སའི་ཁ་སྐད་སློབ་དེབ། ཨ་མདོའི་ཁ་སྐད་སློབ་དེབ། ཁམས་སྐད་སློབ་དེབ་སོགས་གསར་བསྒྲིགས་འདི་དག་ནི་སྐད་ཡིག་གཅིག་གྱུར་ལ་བར་ཆད་བཟོ་བྱེད་ཅིག་ལས་གཞན་གྱི་དགོས་ཕན་ཅང་མེད་པར་འདོད།”ཅེས་པ་སོགས་མང་པོ་ཞིག་སྣང་ངོ་།

ཡིན་ནའང་དང་ལེན་བྱེད་ཐབས་མེད་ས་ཞིག་གི་ངོས་ནས་བཤད་ན།

ཁོང་གིས་རྩོམ་ཡིག་འདིའི་ནང་གི་གླེང་བྱ་གཙོ་བོ་ཞིག་ནི་བོད་ཀྱི་སྤྱི་སྐད་དགོས་ན་དེ་ནི་བོད་བཙན་པོའི་སྐབས་ཀྱི་སྤྱི་སྐད་དེ་སླར་གསོ་དགོས་ཚུལ་དེ་རེད། ཁོང་གིས་“དེ་རིང་ཁ་སང་གི་ཉམས་ཞིབ་པ་ཁག་ཅིག་ནས་བོད་ལ་སྤྱི་སྐད་ཅིག་དགོས་མཁོ་འདུག་ཅེས་དང༌། སྤྱི་སྐད་ཀྱི་ཚད་གཞི་དེ་མདོ་དབུས་ཁམས་གསུམ་གང་གི་སྐད་དུ་བྱེད་འོས་མིན་གྱི་དགོངས་འཆར་བཏོན་དང་འདོན་བཞིན་པའི་རིགས་ཀྱིས་“སླར་གསོ་”ཞེས་པའི་ཚིག་འདི་བེད་སྤྱོད་མ་བཏང་པ་ནི་ཡ་མཚན་རེད།”ཅེས་པས་མཚོན་ནོ།

ལྟ་བ་དང་ལངས་ཕྱོགས་དེ་སྔོན་དུ་ལྷོད་ཀྱིས་བཤད་ནས། ཁོང་གི་སྒྲུབ་བྱ་”སླར་གསོ་”བྱ་རྒྱུའི་སྤྱི་སྐད་དེ་ངོས་འཛིན་གྲབས་བྱེད་དུས་ཁོང་གིས་ཁོང་གིས་ “དེ་ཡང་སྐད་གསར་བཅད་ཀྱི་རིམ་པ་དེ་དབུས་གཙང་ཁུལ་སྤྱི་དང་དེ་ལས་ཀྱང་དབུས་ཁུལ་རང་དུ་ཡང་ནས་ཡང་དུ་བསྒྱུར་བཅོས་ཐེབས་པ་ལས། ཕྱོགས་མཐའའི་བོད་ཁུལ་ཡོངས་ལ་ཁྱབ་པ་ཞིག་ལག་ལེན་བསྟར་མ་ཐུབ་པ་དེ་ནི་སྐད་ཡིག་ཕྱོགས་གྱེས་ཀྱི་རྒྱུ་རྐྱེན་དང་པོ་དེ་རེད། འདིའི་ཤེས་བྱེད་གསལ་ཤོས་ཤིག་ནི། ཕྱི་ལོ་ ༡༩༩༤ ལོར་ྋགོང་ས་སྐྱབས་མགོན་ཆེན་པོས་གར་ཞ་ནས་དུས་དབང་གནང་སྐབས་ཨ་མདོའི་གསར་འབྱོར་བ་ཁག་ཅིག་ཕྱིན་པ་དེ་ཚོས། གར་ཞའི་སྐད་དུ་གསུང་སྒྱུར་བརྒྱུད་ལམ་ནས་སྔོན་འགྲོའི་གསུང་ཆོས་དང༌། དུས་དབང་གི་རིམ་པ་ཆ་ཚང་ཨམ་སྐད་ནང་བཞིན་གོ་ཐུབ་པ་བྱུང་བ་ལྟ་བུ་རེད། ”ཅེས་ཨམ་སྐད་དེ་དུས་རབས་བདུན་པའི་ནང་གི་སྤྱི་སྐད་དངོས་དེ་ཡིན་ལུགས་དང་།

ཡང་འབབ་ས་དངོས་ལ་བབས་ནས་གླེང་ཡོང་དུས་ “ཡུལ་སྐད་དང་ཡིག་སྐད་གཉིས་ཀྱི་འབྲེལ་བའི་ངོས་ཤིག་ལས་སླ་པོར་མཐོང་ཐུབ་པ་ནི། ད་ལྟའི་ཨ་མདོའི་ཡུལ་སྐད་བཞིན་བྲིས་པ་མང་དུ་སྣང་བ་དེ་རེད།”ཅེས་སྤྱི་སྐད་ནི་ཡིག་སྐད་དང་ཁྱད་མེད་ལུགས་དང་། དེ་བཞིན་ཨམ་སྐད་ནི་ཡིག་སྐད་དང་མཐུན་ལུགས་བགྲངས་ནས། མདོར་དོན་ཨམ་སྐད་དེ་བོད་ཀྱི་སྤྱི་སྐད་དུ་འོས་ཚུལ་གླེང་པ་ཙམ་རེད།

ད་དུང་ཁོང་གིས་དེ་དག་སྒྲུབ་བྱེད་དུ་ “མེ་ལ་མྱེ་ཞེས་དང༌། མི་ལ་མྱི་སོགས་ད་ལྟའི་ཡུལ་སྐད་དང་གནའ་བོའི་ཡིག་སྐད་གཉིས་གཅིག་ཏུ་སོང་བ་དང༌། ཡང༌། གསལ་བྱེད་ཡི་གེ་ནང་ཕན་ཚུན་འདམ་ངའི་ཚུལ་གྱིས་སྤྱོད་སྲོལ་གྱི་དབང་གིས། གཅིག་ལ་གཆིག་དང་གཙིག ཞིག་ལ་ཟིག་དང༌། ཅི་ལ་ཆི་སོགས་སུ་འབྲི་སྲོལ་དང་ཀློག་སྲོལ་གཉིས་ཀ་ཡོད་པའང་ཡིན་ཞིང༌། དེ་ཚུལ་ནི། དཔེར་ན། ཨམ་སྐད་རང་དུ་བྱས་པས་བཅུ་གཅིག་ལ་བཅུ་གཙིག་དང་། ཅི་ཞིག་ལ་ཆི་ཟིག་ཟེར་སྲོལ་དེང་སང་ཡང་མ་ཉམས་པར་ཡོད།་འདི་ནི་ཡིག་སྐད་དང་ཡུལ་སྐད་བར་གྱི་དཔེ་མཚོན་ཙམ་རེད།”ཅེས་མནའ་བོའི་བོད་སྐད་ནི་ད་ལྟའི་ཨམ་སྐད་ནང་ཡོད་ལུགས་ཀྱི་དཔེར་མཚོན་བགྲང་འདུག་སྟེ། གཅིག་བྱས་ན་ཁོ་རང་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ལ་དེ་ཙམ་ཆ་རྒྱུས་མེད་པའམ། ཡོད་ཀྱང་ཟུར་འཇོག་བྱས་ནས་ཉི་དགོས་གང་ཞིག་སྒྲུབ་ཀྱིིན་ཡིན་མི་འཚལ་མོད། དཔེར་མཚོན་འདི་དག་ནི་ཁམས་སྐད་ནང་ཆ་ཚང་བ་ཡོད་ཡོད་རེད་ལ། དེའི་དཔང་པོ་ད་ལྟའི་ཁམས་རྒན་རོང་འབྲོག་གཉིས་པོས་དཔང་པོར་བྱས་ཡོད། དེ་བཞིན་དེ་དག་ནི་ཨམ་སྐད་ཅེས་དམིགས་བསལ་ངོས་འཛིན་འོས་ས་ཅང་མ་རེད་ཅེས་འཇུག་བསྡུ་རྒྱུ་ཡིན།