བོད་ནང་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
༧གོང་ས་མཆོག་དགུང་ལོ་༧༧ ལ་ཕེབས་པའི་འཁྲུངས་སྐར་དེ་བོད་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་སྡོད་སའི་ས་གནས་གང་སར་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་དམ་དྲག་བྱས་མིན་ལ་མ་ལྟོས་པར། ཨ་མདོ་རྨ་ཆུ་དང་། ཁམས་རྟའུ་རུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པའི་གནས་ཚུལ་འདུག
དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་བྱང་ཏྲེ་ཧོར་ཁང་ཚན་གྱི་གྲྭ་ཡ་མ་ཚེ་རིང་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༧ པའི་༦ ཉིན་བོད་ནང་གི་ཁམས་རྟའུ་རུ་རྒྱ་གཞུང་གི་དམ་དྲག་བཀག་བསྡོམས་ལ་མ་འཛེམས་པར་གོང་ས་མཆོག་དགུང་གྲངས་༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ལོ་ལྟར་ཁམས་རྟའུ་རུ་་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གསུམ་གྱིས་རིང་སྲུང་བརྩི་བྱེད་སྲོལ་ཡོད་པ་ལྟར། ད་ཐེངས་རྟའུ་ས་གནས་ཀྱི་རྨ་རྒྱལ་སྤོམ་རིའི་རི་འགོ་ཡོངས་སུ་རྒྱ་གཞུང་གི་དམག་མིའི་བསྐོར་ཏེ་བསང་གསོལ་གཏོང་ཐུབ་མེད་ན་ཡང་། རྟའུ་ཉ་མཚོ་དགོན་པའི་མདུན་གྱི་མཆོད་རྟེན་ཉེ་འགྲམ་དུ་དགེ་འདུན་པ་ཡོངས་ཀྱིས་ལྷ་བསངས་བཏང་སྟེ་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ཡོད་པ་མ་ཟད། མི་མང་གི་གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་བསྒྲོན་འབུལ་གྱི་མཛད་སྒོ་ཞིག་ཚོགས་ཐུབ་ཡོད་འདུག་ཀྱ ང་། ཡིད་སྐྱོ་བ་ཞིག་ལ་རྒྱ་གཞུང་གི་བཀག་འགོག་བྱས་བའི་རྐྱེན་གྱིས་ལོ་ལྟར་དེ་རིང་གི་ཉིན་མོ་སྟེ་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས། རྟ་རྒྱུགས་འགྲན་སྡུར་བྱེད་སྲོལ་ཡོད་ན་ཡང་། དེ་བྱེད་ཐུབ་མེད་པ་རེད་ཅེས་བརྗོད་སོང།
དེ་བཞིན་ཕྱི་ཟླ་༧ ཚེས་༦ ཉིན་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུ་ར་ས་ཁུལ་དུའང་རྒྱ་གཞུང་གིས་དམ་དྲག་དང་ལྟ་རྟོག་བྱས་མིན་ལ་མ་ལྟོས་པར། བོད་མི་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ས་གནས་ཀྱི་རི་རྩེར་ལྷ་གསང་བཏང་སྟེ་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་འདུག །
མོན་གྷོ་གསར་འགོད་པས།