ཁམས་རྟའུ་རུ་འཁྲུངས་སྐར་སྲུང་བརྩིའི་པར།
ཁམས་རྟའུ་རུ་འདི་ལོའི་གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པའི་གནས་ཚུལ་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་བྱང་ཏྲེ་ཧོར་ཁང་ཚན་གྲ་ཡ་མ་ཚེ་རིང་ལགས་ཀྱིས་མཁོ་སྤྲོད་གནང་དོན།
ཟླ་འདིའི་ཚེས་༦་ཉིན་བོད་ནང་ཁམས་རྟའུ་རྫོང་གི་སྐྱ་སེར་ཡོངས་ཀྱིས་ལོ་ལྟར་ས་གནས་དེ་གའི་གཞི་བདག་རྨ་ཆེན་སྦོམ་ར་དང་རྣམ་རྒྱལ་མཆོད་རྟེན་གཉིས་ཀྱི་ཉེ་འགྲམ་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་བྱེད་སྲོལ་ཡོད་པ་བཞིན། འདི་ལོར་ཡང་གཞི་བདག་རྨ་ཆེན་སྦོམ་རའི་རི་མགོར་༧གོང་ས་མཆོག་དགུང་གྲངས་༧༧་ལ་ཕེབས་པའི་འཁྲུངས་སྐར་ལ་བསངས་གསོལ་སོགས་གོ་སྒྲིག་བྱས་ཡོད་ན་འང་། རྒྱ་གཞུང་གིས་ལོ་སྔོན་མ་བཞིན་བསངས་གསོལ་དང་རྟ་རྒྱུགས། བྲོ་གཞས་འཁྲབ་སྟོན་སོགས་བྱེད་མ་བཅུག་པར་བཀག་སྡོམ་བྱས་ཡོད་པ་རེད། དེ་ཡང་ད་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་གྱི་ཞོགས་པ་རྒྱ་གཞུང་གིས་དྲག་ཆས་དམག་མི་དང་ཉེན་རྟོག་པ་མང་པོས་ལག་ཏུ་མེ་མདའ་བཟུང་ནས་སླེབས་ཏེ་རྨ་ཆེན་སྦོམ་རའི་མཐའ་འཁོར་ཀུན་ཏུ་བསྐོར་ནས་རྨ་ཆེན་སྦོམ་རར་བསངས་གསོལ་བཀག་འགོག་བྱས་ཡོད་པ་མ་ཟད། མཆོད་རྟེན་འགྲམ་དུ་རྟ་རྒྱུགས་སོགས་འཁྲུངས་སྐར་སྲུང་བརྩིའི་བྱེད་སྒོ་ཁག་བྱེད་བཅུག་མི་འདུག འོན་ཀྱང་རྟའུ་ཉ་མཚོ་དགོན་པའི་ནང་དུ་མཁན་རིན་པོ་ཆེའི་གཙོས་གྲྭ་མང་ནས་༧་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་བསྒྲོན་འབུལ་སོགས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་འདུག
དེ་བཞིན་ཉིན་དེར་རྟའུ་རྫོང་དགའ་ལྡན་ཆོས་གླིང་གི་བཙུན་མ་རྣམ་པའི་གསང་སྟབས་ཀྱི་ཁོ་རང་ཚོའི་དགོན་པའི་རྒྱབ་རིའི་རྩེར་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ཏེ་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་འདུག གཞན་ཡང་ཉིན་དེར་ཁམས་རྟའུ་ས་ཁུལ་གྱི་ཡུལ་མི་ཀུན་གྱིས་སོ་སོའི་གྲོང་སྡེ་ནང་དུ་བསངས་གསོལ་ཟབ་རྒྱས་བྱས་ཡོད་པ་མ་ཟད། ཕྱི་ཚེས་༦་ནས་ཉིན་གསུམ་རིང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་འདུག
མོན་གྷོ་གསར་འགོད་པས།