《ལུག་མིག་མེ་ཏོག》

《ལུག་མིག་མེ་ཏོག》

 

ངག་དབང་ཚུལ་ཁྲིམས།

 

ཆོས་ཁང་གི་ཅོང་སྒྲ་སླར་ཡང་གྲགས་བྱུང་

དེ་ནི་དུས་བརྡ་ཞིག་སྟེ་

བརྩེ་དུང་དང་འཆི་བའི་གོམ་འགྲོས་ཉིད་

མེ་ཏོག་ཆུན་པོའི་ཕག་གི་ཡིབ་མི་                  
འཆི་བདག་གི་ཕོ་ཉ་ཞིག་ཡིན་སྲིད་དམ་

འོན་ཏེ་་་་བརྩེ་དུང་ནི་ཀུན་ལས་བརྒྱལ་བར་བདག་འཆེའོ་

 

ཆོས་ཁང་གི་ཅོང་སྒྲ་སླར་ཡང་གྲགས་བྱུང་

དེ་ནི་བྱམས་བརྩེའི་འབོད་པ་ཞིག་སྟེ་

སྐྱེ་བོའི་སེམས་ལ་བྱབ་ཁྲུས་བྱེད་

དྲན་སེམས་ཀྱིས་ཀུན་ནས་བཅིངས་པའི་ཁྱེད་

བརྩེ་དུང་གི་ལྷ་ཡི་ཕོ་ཉ་མོ་ཞིག

ནམ་ཡང་བརྩེ་དུང་འབྲི་ཞིང་ཉིད་ཀྱང་རི་མོར་བསྟིམས་

 

ཆོས་ཁང་གི་ཅོང་སྒྲ་སླར་ཡང་གྲགས་བྱུང་

དེ་ནི་ཁྱེད་ཀྱི་སྐད་གདངས་ཏེ་

དཀོན་མཆོག་གི་ལག་པས་དལ་གྱིས་བརྡུངས་བར་བྱེད་

གོམ་པ་རེ་རེ་ཞིང་གམ་ལ་ཡོང་བའི་མི་དེ་

ལུག་མིག་མེ་ཏོག་བསྐྱལ་མཁན་ངོ་མ་དེ་ཡིན་ནམ་

ཡང་ན་འཇིགས་རུང་གི་སྐད་སྒྲ་གཞན་ཞིག་ཡིན་

 

ཆོས་ཁང་གིི་ཅོང་སྒྲ་སླར་ཡང་གྲགས་བྱུང་

དེ་ནི་དུས་བརྡ་ཞིག་སྟེ་

བརྩེ་དུང་དང་འཆི་བའི་གོམ་འགྲོས་ཉིད་་་་་་་

                                                       ༢༠༡༢།༣།༢༨།ཉིན་བྲིས